འཇར་མན་སྨྱན་བྱད་ཀྱིས་ཚེས11ཉིན་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་སྲུང་དམག་སྐམ་དམག་གི་མགྲིན་ཚབ་པའི་སྐད་ཆ་དྲངས་པ་ལྟར་ན། འཇར་མན་གྱིས་ད་ལོ་ནས་བཟུང་རྒྱལ་ཁོངས་བདེ་འཇགས་དམག་དཔུང་གསར་དུ་རྩ་འཛུགས་བྱས་ཏེ། འཇར་མན་གྱི་རྨང་གཞིའི་སྒྲིག་ཆས་དང་དམག་དོན་སྒྲིག་ཆས་གལ་ཆེན་ལ་སྲུང་སྐྱོབ་བྱེད་པའི་འགན་ཁུར་ནས་བདེ་འཇགས་གནས་བབ་ཀྱི་འགྱུར་ལྡོག་ཐག་གཅོད་བྱེད་པའི་འཆར་གཞི་ཡོད་ཟེར།
བསྒྲགས་པ་ལྟར་ན། དམག་དཔུང་དེ་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་སྲུང་དམག་གིས་འཇར་མན་གྱི་རྒྱལ་སྲུང་པུའུ་ཀྲང་ཕིས་སི་ཐའོ་ལི་ཝུའུ་སི་ཡི་བཀའ་ལྟར་རྩ་འཛུགས་བྱེད་པ་ཡིན་ལ། སྐམ་དམག་གིས་བཀོད་འདོམ་བྱེད་པ་དང་། རྗེས་གྲབས་དམག་དང་དམག་དཔུང་གི་དམག་མིས་གྲུབ་ཡོད། དམག་དཔུང་དེ་ད་ལོའི་ཟླ4བའི་ཚེས1ཉིན་རྩ་འཛུགས་ཡོངས་འགྲུབ་བྱེད་པའི་འཆར་གཞི་ཡོད་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་གཞི་རྒྱ་ཇེ་ཆེར་གཏོང་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་དམག་དཔུང་དེའི་ཆེས་མཇུག་མཐའི་མི་གྲངས་མི་ཁྲི་ཡན་ལ་བསླེབས་སྲིད་ཟེར།
བསྒྲགས་པ་ལྟར་ན། བྲེལ་མྱུར་འགོག་སྲུང་དོན་རྐྱེན་དང་ཉེན་ཁ་འབྱུང་སྐབས། དམག་དཔུང་དེས་གྲུ་ཁ་དང་ལྕགས་ལམ་སྒྲིག་ཆས། དངོས་སྐྱེལ་བྱེད་ས་སོགས་ལ་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། སྦུག་ལམ་དང་དམག་དཔུང་བཀོད་སྒྲིག་བྱས་པའི་གཞུང་ལམ་དང་ཟམ་པ། འགྲིམ་འགྲུལ་ལྟེ་གནས། གཞི་གྲངས་ཀྱི་རྨང་གཞིའི་སྒྲིག་ཆས་སོགས་ལའང་སྲུང་སྐྱོབ་བྱེད་དགོས། དེ་ལས་གཞན་ཞི་བདེའི་དུས་སྐབས་སུ། དམག་དཔུང་དེས་ཐོལ་བྱུང་དོན་རྐྱེན་དང་གནོད་འཚེ་ཆེན་མོའི་རྒུད་སྐྱོབ། འཇིགས་སྐུལ་འཇབ་རྒོལ་ལ་དོགས་ཟོན་སོགས་ཀྱི་ལས་འགན་ཁུར་དུ་ལེན་དགོས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།