སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་ཚེས16ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་སྲིད་གཞུང་གིས་ཨ་མེ་རི་ཁས་ཉིན་དེར་སུའུ་ཏན་གྱི་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའམ་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་པུའུ་ཨར་ཧན་ལ་བཀག་སྡོམ་བྱེད་ཐབས་སྤྱད་པར་ངོ་རྒོལ་བྱས་ཏེ་རྒོལ་གཏམ་བཏང་།
གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་བཀག་སྡོམ་ཆོད་དོན་དེས་དངོས་ཡོད་ལ་འབྲེལ་བ་མེད་པ་དང་རྐང་མི་ཚུགས་པའི་ཁ་གཡོར་ས་ཞིག་ལ་བརྟེན་ཡོད་པ་དང་། དྲང་བདེན་དང་དངོས་ཡོད་རང་བཞིན་མེད་ལ། སུའུ་ཏན་མི་དམངས་ལའང་ཐལ་དྲགས་པའི་མཐོང་ཆུང་བྱས་པ་རེད་ཟེར།
ཨ་མེ་རི་ཁའི་སྲིད་གཞུང་གིས་དེའི་སྔོན་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་མགོ་ཁྲིད་པར་བཀག་སྡོམ་བྱས་པ་དང་། ད་ལྟ་ཡང་བསྐྱར་པུའུ་ཨར་ཧན་ལ་བཀག་སྡོམ་བྱེད་རྒྱུ་ཐག་བཅད་པ་རེད། དེ་ནི་ཟིང་འཁྲུག་དང་དྲང་བདེན་རང་བཞིན་མེད་པའི་སྣང་ཚུལ་ཞིག་རེད་ཟེར།
པུའུ་ཨར་ཧན་གྱིས་ཚེས16ཉིན་སུའུ་ཏན་དབུས་ཕྱོགས་ཀྱི་ཅེ་ཅི་ལཱ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཝ་ཏི་མེད་ཏཱ་ནེ་རུ་རྟོག་ཞིབ་བྱེད་སྐབས་གཏམ་བཤད་སྤེལ་ཏེ། སུའུ་ཏན་མགོ་ཁྲིད་རིམ་པས་བཀག་སྡོམ་བྱེད་ཐབས་གང་རུང་ཐག་གཅོད་བྱེད་པར་གྲ་སྒྲིག་བྱས་ཡོད་པ་དང་། ཕྱི་ཕྱོགས་ཀྱི་གནོན་ཤུགས་གང་རུང་ལ་མགོ་སྒུར་མི་སྲིད་ལ། སུའུ་ཏན་དྲག་ཆས་དམག་དཔུང་གིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་ལས་རྣམ་པར་རྒྱལ་བའི་ནུས་པ་ཡོད་ཟེར།
ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས16ཉིན་སུའུ་ཏན་དྲག་ཆས་དམག་དཔུང་གིས་མི་སེར་དཀྱུས་མར་འཇབ་རྒོལ་བྱས་པར་རྒྱུ་མཚན་དུ་བྱས་ཏེ། པུའུ་ཨར་ཧན་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། ཆོད་དོན་དེའི་དམིགས་ཡུལ་ནི་སུའུ་ཏན་གྱི་དྲག་ཆས་འཁྲུག་རྩོད་མཇུག་སྒྲིལ་དུ་འཇུག་ཆེད་ཡིན་ཟེར།
ཚེས་བརྒྱད་ཉིན། ཨ་མེ་རི་ཁས་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་སུའུ་ཏན་ནས་རིགས་རྒྱུད་ཚར་གཅོད་ཀྱི་ནག་ཉེས་བཟོས་པ་རྒྱུ་མཚན་དུ་བྱས་ནས་དེའི་མགོ་ཁྲིད་པ་ཏཱ་ཅཱ་ལོ་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམགད་པུང་གིས་དེའི་རྗེས་སུ་མི་སེར་དཀྱུས་མར་གནོད་པ་བཟོས་མེད་པའི་ཚུལ་བསྟན་པ་དང་། ཨ་མེ་རི་ཁས་སུའུ་ཏན་གྱི་གནད་དོན་ལ་ལྡོག་ཕྱོགས་ཀྱི་ནུས་པ་འདོན་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།