ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མའོ་ཏི་ཡིས་ཚེས16ཉིན་འཚམས་འདྲིར་ཡོང་བའི་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གཙོ་བོ་དཔལ་འབྱོར་དང་དངུལ་གཏོང་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། དབུས་ཤར་ས་ཁུལ་དང་རྒྱལ་སྤྱིའི་གནས་བབ་ཀྱི་འགྱུར་ལྡོག་གསར་བའི་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས་པ་དང་། ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྐུལ་འདེད་གཏོང་བ་དེ་གལ་འགངས་ཧ་ཅང་ཆེ་བར་མ་ཟད། ཐོག་མར་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཕན་བདེ་དང་འཕེལ་རྒྱས་ལ་དོ་སྣང་བྱེད་དགོས་པར་འདོད།
བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་ཉེ་སྔོན་བཀོད་པའི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་དགའ་བསུ་ཞུ་བཞིན་ཡོད་པའི་ཚུལ་བསྟན་པ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དུས་ལྟར་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་འགན་སྲུང་བྱེད་པར་གལ་འགངས་ཧ་ཅང་ཆེ་བ་ནན་བཤད་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་ས་ཁུལ་གྱི་ཡུན་རིང་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་པའི་གནད་འགག་ཡིན་པ་བསྐྱར་སྒྲོག་བྱས།
དེ་ལས་གཞན་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཨོ་ཨིན་ལེ་པཱ་ནུན་གྱི་ཙུང་ཐུང་དུ་བདམས་པར་རྟེན་འབྲེལ་ཞུས་པ་དང་། ཨོ་ཨིན་བདམས་ཐོན་བྱུང་བ་ལས་ལེ་པཱ་ནུན་གྱི་གཏན་འཇགས་སླར་གསོ་བྱེད་པར་ཕན་ཐོགས་ཡོད་པའི་ཚུལ་བསྟན། ཕྱོགས་གཉིས་ཀྱིས་ད་རུང་སི་རི་ཡཱའི་རྒྱལ་ཁབ་གཅིག་གྱུར་དང་གཏན་འཇགས། བདག་དབང་བཅས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་བསྐྱར་སྒྲོག་བྱས་པ་དང་། སི་རི་ཡཱའི་སྤྱི་ཚོགས་ལས་རིགས་སོ་སོ་ཟབ་ཞུགས་རྒྱ་ཆེར་བྱེད་པའི་ཆབ་སྲིད་འཕེལ་རིམ་མགོ་རྩོམ་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།