ཏའོ་སྨི་ནི་ཁིའི་སྲིད་གཞུང་གིས་ཚེས15ཉིན་རྒྱལ་ས་ལོ་སོ་ནས་སྐོར་ཐེངས་དྲུག་པའི་ཏའོ་སྨི་ནི་ཁིར་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་ལ་གཟེངས་རྟགས་བྱིན་ནས། ཀྲུང་གོ་ཕྱོགས་ཀྱིས་ས་དེའི་མི་དམངས་ཀྱི་བདེ་ཐང་ལས་དོན་ཐད་བྱས་རྗེས་བཞག་པར་ཁས་ལེན་བྱས།
ཉིན་དེའི་སྔ་དྲོར། ཀྲུང་གོའི་རོགས་སྐྱོར་སྨན་བཅོས་རུ་ཁག་གི་རེས་སྐོར་དང་རོགས་སྐྱོར་སྨན་བཅོས་དངོས་རྫས་ཀྱི་བརྒྱུད་སྤྲོད་མཛད་སྒོ་ཀྲུང་གོ་དང་ཏའོ་སྨི་ནི་ཁིའི་མཛའ་མཐུན་སྨན་ཁང་ནས་སྤེལ། ཏའོ་སྨི་ནི་ཁིའི་འཕྲོད་བསྟེན་པུའུ་ཀྲང་ལཱ་ཝེ་ཨར་གྱིས་སྐོར་ཐེངས་དྲུག་པའི་ཏའོ་སྨི་ནི་ཁིར་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་གི་རུ་མི་བཞིར་ཏའོ་སྨི་ནི་ཁིའི་འཕྲོད་བསྟེན་པུའུ་ཡི་གཟེངས་རྟགས་བྱིན། ཏའོ་སྨི་ནི་ཁིའི་ཙུང་ལི་ཚབ་མ། ནོར་སྲིད་པུའུ་ཀྲང་མེད་ཅིན་ཐེ་ཨར། དེ་མིན་ཀྲུང་གོ་དང་ཏའོ་སྨི་ནི་ཁིའི་མཛའ་མཐུན་སྨན་ཁང་དང་། ཀོང་ཏུང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འཐུས་མི་སོགས་མཛད་སྒོར་ཞུགས།
ལཱ་ཝེ་ཨར་གྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཏའོ་སྨི་ནི་ཁིའི་སྨན་བཅོས་ལག་རྩལ་དང་ཆུ་ཚད་མཐོར་འདེགས་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཏའོ་སྨི་ནི་ཁིའི་ཕྱོགས་ལ་སྨན་བཅོས་དངོས་རྫས་ཞལ་འདེབས་སུ་ཕུལ་བར་བཀའ་དྲིན་ཞུས་པར་མ་ཟད། མ་འོངས་པར་སྔར་ལས་ལྷག་པའི་སྒོ་ནས་ཏའོ་སྨི་ནི་ཁི་དང་ཀྲུང་གོའི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། བསྟུད་མར་ཏའོ་སྨི་ནི་ཁིའི་སྨན་བཅོས་བདེ་ཐང་གི་སྤུས་ཚད་ལེགས་བཅོས་བྱེད་པར་རེ་སྒུག་བྱེད་པའི་ཚུལ་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།