ཐི་ལིང་ཕུའུ་དང་ཁ་པར་གྲོས་མོལ་བྱས་རྗེས་ཏན་མག་གི་དབུ་བཞུགས་བློན་ཆེན་གྱིས་ཀི་ལིན་ལན་གླིང་ཕྲན་གནད་དོན་གྱི་གནས་བབ་ཛ་དྲག་ཡིན་པའི་ཚུལ་བསྟན།
2025.01.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཏན་མག་གི་དབུ་བཞུགས་བློན་ཆེན་ཧྥོ་ལོས་ཙེ་ལི་ཁི་སིན་གྱིས་ཚེས16ཉིན་སྨྱན་བྱད་ལ་བཤད་རྒྱུར། ཁོ་མོས་ཚེས15ཉིན་ཨ་མེ་རི་ཁའི་ལས་འགན་ཁུར་བར་སྒུག་པའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁ་པར་བཏང་སྟེ། ཀི་ལིན་ལན་གླིང་ཕྲན་གནད་དོན་གྱི་གནས་བབ་སྔར་བཞིན་ཛ་དྲག་ཡིན་པའི་ཚུལ་བསྟན་ཡོད་ཟེར།

ཧྥོ་ལོས་ཙེ་ལི་ཁི་སིན་གྱིས་ཉིན་དེར་ཏན་མག་གྲོས་ཁང་གི་ཕྱི་འབྲེལ་སྲིད་ཇུས་ཨུ་ཡོན་ལྷན་ཁང་ལ་ཐི་ལིང་ཕུའུ་དང་ཁ་པར་གྲོས་མོལ་བྱས་པའི་ནང་དོན་སྙན་ཞུ་བྱས་པར་མ་ཟད། དེའི་རྗེས་སུ་སྨྱན་བྱད་ཀྱི་གསར་འགོད་པའི་དྲི་བར་ལན་བཏབ།

གསར་འགོད་པས་ཐི་ལིང་ཕུའུ་དང་ཁ་པར་གྲོས་མོལ་བྱས་རྗེས། ཀི་ལིན་ལན་གྱི་གནད་དོན་ཇེ་བཟང་དུ་འགྲོ་མིན་འདྲི་སྐབས་ཧྥོ་ལོས་ཙེ་ལི་ཁི་སིན་གྱིས་བསྟན་དོན། ཀི་ལིན་ལན་གླིང་ཕྲན་གནད་དོན་གྱི་གནས་བབ་ཛ་དྲག་ཡིན་པ་དང་། ང་ཚོས་ནུས་པ་གང་ཡོད་བཏོན་ནས་ཆེས་བློ་རིག་ལྡན་ཞིང་ཆེས་བཟང་བའི་ཐབས་ཀྱིས་ཐག་གཅོད་བྱེད་བཞིན་ཡོད་ཟེར།

ཐི་ལིང་ཕུའུ་ཡིས་ཏན་མག་གི་སྒོ་གཅལ་ཁ་སྣོན་བྱེད་པའི་འཇིགས་ཉེན་མེད་པར་གཏོང་མིན་འདྲི་སྐབས་ཧྥོ་ལོས་ཙེ་ལི་ཁི་སིན་གྱིས་མེད་པའི་ཚུལ་བསྟན།

ཧྥོ་ལོས་ཙེ་ལི་ཁི་སིན་གྱིས་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར་རྗེས། ཏན་མག་སྲིད་གཞུང་གིས་མུ་མཐུད་དུ་ཀི་ལིན་ལན་གླིང་ཕྲན་གནད་དོན་ཐད་ནས་ཨ་མེ་རི་ཁའི་སྲིད་གཞུང་བར་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཁོ་མོས་ཀྱང་ཐི་ལིང་ཕུའུ་དང་འབྲེལ་འདྲིས་སྲུང་འཛིན་བྱེད་རྒྱུ་ཡིན་ཟེར།

ཁོ་མོས་ད་རུང་བསྟན་དོན། སྐར་མ་ཞེ་ལྔའི་རིང་གི་ཁ་པར་གྲོས་མོལ་གྱི་ནང་དོན་དེ་ཀི་ལིན་ལན་གླིང་ཕྲན་ལ་འབྲེལ་བར་མ་ཟད། ཏན་མག་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད། དབུས་ཤར་གནད་དོན། བྱང་ཆིངས་རྩ་འཛུགས་ཀྱི་ལས་དོན་སོགས་ལ་འབྲེལ་ཡོད་ཟེར། ཁ་པར་གྲོས་མོལ་སྐབས་ཀྱི་ནང་དོན་མང་བོ་ཞིག་སྔར་བཞིན་གསང་རྒྱ་ནན་མོ་བྱེད་དགོས་ལ། བྱེ་བྲག་གི་དོན་མང་བོ་མིག་སྔར་ཕྱི་ལ་བསྒྲགས་ཐབས་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།