ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་དང་ཨ་མེ་རི་ཁའི་དམིགས་འབེན་ལ་འཇབ་རྒོལ་བྱས།
2025.01.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས17ཉིན་བཤད་རྒྱུར། ཉིན་དེར་དབྱི་སི་རལ་གྱིས་གྲོང་ཁྱེར་གསུམ་དང་ཨ་མེ་རི་ཁའི་གནམ་གྲུ་འབབ་སའི་གྲུ་གཟིངས་ལ་འཇབ་རྒོལ་བྱས་ཟེར།

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་རྩ་འཛུགས་དེས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། རྩ་འཛུགས་དེས་དབྱི་སི་རལ་གྱི་ཐི་ལཱ་ཝེ་ཧྥུའུ་དང་ཨ་ཧྲི་ཁའེ་ལུང་། ཨེ་ལཱ་ཐི་བཅས་གྲོང་ཁྱེར་གསུམ་གྱི་དམིགས་འབེན་གཙོ་བོར་འཕུར་མདའ་དང་མི་མེད་གནམ་གྲུའི་འཇབ་རྒོལ་བྱས་པ་དང་། མཚོ་དམར་མཚོ་ཁོངས་ཀྱི་ཨ་མེ་རི་ཁའི་ཧཱ་ལི་ཏུའུ་ལུའུ་མིན་རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་ལ་འཇབ་རྒོལ་བྱས་ཟེར།

སཱ་ལོས་ཡཱ་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་བར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་རྗེས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་དུ་དམར་གསོད་བྱས་པ་དང་། གོང་གི་འཇབ་རྒོལ་དེ་ནི་ཕྱིར་རྒོལ་ལན་སྤྲད་པ་ཡིན་ཟེར།

ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས16ཉིན་སྤེལ་བའི་གཞི་གྲངས་ལས་མངོན་པ་ལྟར་ན། ཅཱ་ཧྲ་ས་ཁུལ་དུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པའི་གནས་ཚུལ་བསྒྲགས་པའི་ཚུན་ལ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་ཏེ་མི70ལྷག་རྐྱེན་ལམ་དུ་ཤོར་ཡོད་ཟེར།

གཞན་ཡང་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཉིན་དེའི་སྔ་དྲོར་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས17ཉིན་གྱི་ཞོགས་པར་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་ཨ་མུའུ་ལན་ཞིང་ཆེན་དུ་ཡོད་པའི་དམག་དོན་རྟེན་གཞིར་བར་སྣང་འཇབ་རྒོལ་ཐེངས་ལྔ་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།