ཧྥ་རན་སིའི་ཙུང་ཐུང་གིས་ལེ་པཱ་ནུན་གྱི་དམག་དཔུང་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།
2025.01.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ལེ་པཱ་ནུན་དུ་འཚམས་འདྲི་བྱེད་བཞིན་པའི་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས17ཉིན་བསྟན་དོན། ཧྥ་རན་སི་ཡིས་ལེ་པཱ་ནུན་གྱི་དམག་དཔུང་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

མཱ་ཁི་ལུང་གིས་ཉིན་དེར་ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་དང་མཉམ་དུ་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་བསྒྲགས་བྱས་དོན། སྦྱོང་བརྡར་ལྟེ་གནས་ཤིག་གསར་དུ་བཙུགས་ནས། ལོ་རེར་ལེ་པཱ་ནུན་གྱི་དམག་མི་ལྔ་བརྒྱར་སྦྱོང་བརྡར་བྱེད་པའི་འཆར་གཞི་ཡོད་ཟེར། ཁོས་བཤད་རྒྱུར། ཧྥ་རན་སི་ཡིས་ལེ་པཱ་ནུན་ལ་རོགས་རམ་བྱས་ནས་རང་མངའ་ཁོངས་ལ་ནུས་ལྡན་ཚོད་འཛིན་བྱེད་པར་འབད་འབུངས་བྱེད་རྒྱུ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁྱབ་ཁོངས་མང་བོ་ནས་ལེ་པཱ་ནུན་ལ་རོགས་སྐྱོར་བྱེད་དགོས་པའི་སྐུལ་སློང་བྱས་ཏེ། ལེ་པཱ་ནུན་གྱི་ཕྱོགས་ཡོངས་སླར་གསོ་དང་དུས་ཡུན་རིང་བོའི་གཏན་འཇགས་མངོན་འགྱུར་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་ཟེར།

ཨོ་ཨིན་གྱིས་མཱ་ཁི་ལུང་འཚམས་འདྲིར་ཡོང་བ་དང་ལེ་པཱ་ནུན་གྱི་དམག་དཔུང་གི་རྒྱབ་སྐྱོར་ལ་དགའ་བསུ་ཞུས་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལེ་པཱ་ནུན་གྱི་ཡིད་ཆེས་སླར་གསོ་བྱེད་དགོས་ཟེར།

ཟླ་འདིའི་ཚེས9ཉིན། ལེ་པཱ་ནུན་གྱི་གྲོས་ཁང་གིས་འདེམ་ཤོག་འཕངས་ཏེ་ཨོ་ཨིན་སྐབས་བཅུ་བཞི་བའི་ཙུང་ཐུང་དུ་བདམས་པ་རེད། ཐེངས་འདིའི་འདེམ་བསྐོ་ལས་ལེ་པཱ་ནུན་གྱི་ཙུང་ཐུང་གི་ལས་གནས་དེ་ལོ་གཉིས་ལྷག་ལ་སྟོང་བར་བསྐྱུར་བའི་ཆབ་སྲིད་ཀྱི་གནས་བབ་ངན་པ་དེ་མཇུག་སྒྲིལ་བར་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།