དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས18ཉིན་གྱི་དགོང་མོར་བརྙན་རིས་གསལ་སྒྲོག་སྤེལ་ཏེ། སྲིད་གཞུང་གིས་ཆོག་མཆན་བཀོད་པའི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ནི་གནས་སྐབས་ཀྱི་བྱེད་ཐབས་ཡིན་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་འཐབ་འཁྲུག་སླར་གསོ་བྱེད་པའི་ཁེ་དབང་སོར་འཇོག་བྱས་ཡོད་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ཚེས19ཉིན་ནུས་ལྡན་དུ་འགྱུར་བའི་སྔ་དགོང་མོར་གསལ་སྒྲོག་སྤེལ་བ་ཡིན་ལ། དེ་ཡང་ཁོས་ཐོག་དང་པོར་ཚེས་བཅོ་ལྔ་ཉིན་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཐད་དཔྱད་བརྗོད་སྤེལ་བ་རེད། ཁོས་གཏམ་བཤད་སྤེལ་སྐབས་དབྱི་སི་རལ་གྱིས་ཨ་མེ་རི་ཁའི་རྒྱབ་སྐྱོར་འོག་དགོས་ངེས་ཀྱི་དུས་སུ་ཡང་བསྐྱར་འཐབ་འཁྲུག་བྱེད་པའི་ཁེ་དབང་སོར་འཇོག་བྱས་ཡོད་པ་ནན་བཤད་བྱས་པར་མ་ཟད། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་དང་པོའི་ནང་ཅཱ་ཧྲ་ས་ཁུལ་དུ་བཀག་འཇུག་བྱས་ཡོད་པའི་མི་སྣ་ཕྱིར་གཏོང་བའི་མི་གྲངས་ལྡབ་འགྱུར་གྱིས་ཇེ་མང་དུ་གཏོང་དགོས་པའི་རེ་བ་བཏོན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ད་རུང་བཤད་རྒྱུར། འཁྲུག་རྩོད་མཚམས་འཇོག་པའི་དུས་རིམ་དང་པོར་གཏོང་རྒྱུ་ཡིན་པའི་བཀག་འཇུག་མི་སྣ་སོ་གསུམ་པོ་དེ་མང་ཆེ་བ་གསོན་ཡོད་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བསྟན་དོན། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དང་ཨེ་ཅིབ་བར་གྱི་ཧྥེ་ཁྲིན་བར་ཁྱམས་ཀྱི་དམག་དོན་བཀོད་སྒྲིག་སྲུང་འཛིན་བྱེད་རྒྱུ་ཡིན་པ་དང་། བཅའ་སྡོད་དམག་མི་ཇེ་ཉུང་དུ་གཏོང་མི་སྲིད་ལ། དུས་རིམ་དང་པོའི་ནང་བཅའ་ཁྲིམས་དམག་མི་ཁ་སྣོན་བྱེད་ངེས་ཡིན་ཟེར།
ཉིན་དེའི་སྔ་དྲོར་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་ནས་འཆར་གཞི་ལྟར་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དུས་རིམ་དང་པོའི་ནང་ཕྱིར་གཏོང་རྒྱུ་ཡིན་པའི་བཀག་འཇུག་མི་སྣའི་མིང་ཐོ་མ་འབྱོར་གོང་། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་སྐུལ་འདེད་གཏོང་ཐབས་མེད་ཟེར། དབྱི་སི་རལ་གྱིས་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་ལ་ཀུ་ཡངས་གཏོང་མི་སྲིད་པ་དང་། ཧཱ་མཱ་སི་ཡིས་ཡོད་ཚད་ལ་འགན་ཁུར་དགོས་ཟེར།
དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་དོན་དེའི་ཐད་ནས་བསྒྲགས་པ་ལྟར་ན། དབྱི་སི་རལ་ལ་ཧཱ་མཱ་སི་ཡིས་མི་འགྱངས་པར་ཕྱིར་གཏོང་རྒྱུ་ཡིན་པའི་བཀག་འཇུག་མི་སྣའི་མིང་ཐོ་འབྱོར་མེད་པས། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་རྗེས་སུ་སྣུར་ཡང་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།