མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པས་སྦྲུལ་ལོའི་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས།
2025.01.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུང་གོའི་ཡིག་གཟུགས་ཚོགས་པས་གཙོ་སྒྲུབ་བྱས་པའི་སྦྲུལ་ལོའི་ལུགས་རྙིང་ལོ་སར་གྱི་མཉམ་འཛོམས་དགོང་ཚོགས་ཚེས17ཉིན་གྱི་དགོང་མོར་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བསྡུས་པ་དང་། འཛམ་གླིང་ཡོངས་ཀྱི་དྲིལ་སྒྲོག་ལས་དོན་གྱི་འགན་གཙོ་བོར་ཁུར་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་མཱེ་ལོས་ཧྲ་ཧྥོ་ལའེ་མེན་གྱིས་དགོང་ཚོགས་སྟེང་ལོ་སར་གྱི་སྨོན་འདུན་ཞུས།

མཱེ་ལོས་ཧྲ་ཧྥོ་ལའེ་མེན་གྱིས་སྦྲུལ་གྱི་བློ་གྲོས་དང་བསྲན་ཤུགས། བཅོས་བསྒྱུར་གསར་གཏོད་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་འཛམ་གླིང་ཡོངས་ཀྱི་ཉམས་ཉེན་ཐག་གཅོད་བྱས་ཤིང་། འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་རིང་ལུགས་དར་སྤེལ་བྱེད་པ། མམཉ་དུ་འཛམ་གླིང་ཡོངས་ཀྱི་མཉམ་ལས་དང་འཕེལ་རྒྱས་ལ་འབད་འབུངས་བྱེད་པར་སྐུལ་མ་གཏོང་དགོས་ཟེར།

ཉིན་དེའི་ལུགས་རྙིང་ལོ་སར་གྱི་ལྷན་འཛོམས་དགོང་ཚོགས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུང་གོའི་ཡིག་གཟུགས་ཚོགས་པས་གཙོ་སྒྲུབ་བྱས་པ་དང་། ཀྲུང་ཕྱིའི་སྐུ་མགྲོན500ལྷག་ལྷན་གཅིག་ཏུ་འཛོམས་ནས་ལོ་སར་ལ་མཉམ་རོལ་བྱས་ལ། ཚོགས་རར་ལོ་སར་གྱི་སྣང་ཚུལ་གྱིས་ཁེངས་ཡོད་པ་དང་ཁ་དོག་དམར་པོས་དགའ་སྐྱིད་མཚོན་པར་བྱས་ཡོད།

དགོང་ཚོགས་སྟེང་ཅིང་ཅུའུ་ཟློས་གར་དང་རོལ་དབྱངས། ཞབས་བྲོ་སོགས་ངོ་མཚར་བའི་རིག་རྩལ་འཁྲབ་སྟོན་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་འགུག་ཤུགས་མཚོན་པར་བྱས་ཡོད། ཡུལ་དངོས་སུ་ལོ་སར་གྱི་ཁ་གཡང་སྨོན་ཚིག་འབྲི་བ་དང་པར་ལེན་པ་སོགས་ཀྱི་བྱ་འགུལ་སྤེལ་ནས། ལྟད་མོ་བ་དག་ལ་ཐུན་མོང་མ་ཡིན་པའི་རིག་གནས་མྱོང་རོལ་བྱེད་དུ་བཅུག


བསོད་ནམས་ཚེ་རིང་གིས་བསྒྱུར།