ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡིས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་བཀག་འཇུག་ཐེབས་པའི་མི་སྣ་སྟོང་གཅིག་དང་བརྒྱད་བརྒྱ་དགུ་བཅུ་ལྷག་ཕྱིར་གཏོང་རྒྱུའི་ཚུལ་བསྟན།
2025.01.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཚེས18ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་བཀག་འཇུག་ཐེབས་པའི་མི་སྣ་སྟོང་གཅིག་དང་བརྒྱད་བརྒྱ་དགུ་བཅུ་ཕྱིར་བཏང་སྟེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་དང་པོའི་ནང་ཅཱ་ཧྲ་ས་ཁུལ་དུ་བཀག་འཇུག་བྱེད་པའི་དབྱི་སི་རལ་གྱི་མི33དང་བརྗེ་སྤོར་བྱེད་རྒྱུ་རེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ནི་ཨེ་ཅིབ་དང་ས་ཁུལ་གྱི་རྒྱལ་སྤྱིའི་གྲོགས་པོའི་འདུམ་འགྲིག་འོག་བཀོད་པ་ཡིན་ལ། ཚེས19ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱ་དང་སྐར་མ་སུམ་ཅུའི་སྟེང་ནུས་ལྡན་དུ་འགྱུར་རྒྱུ་རེད། འདུམ་འགྲིག་ཕྱོགས་ཁག་གིས་ཕྱོགས་ཡོངས་ནས་དུས་ལྟར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེའི་དུས་རིམ་གསུམ་པའི་ནང་དོན་ཚང་མ་ལག་བསྟར་བྱེད་པར་འགན་སྲུང་བྱེད་དགོས་ཟེར། ཨེ་ཅིབ་ཕྱོགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ཕ་ལེ་སི་ཐན་མི་དམངས་ཀྱི་དཀའ་སྡུག་ཇེ་ཉུང་དུ་གཏོང་བའི་དོན་ཞིག་ཏུ་འགྱུར་བར་རེ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་ཁྱད་པར་དུ་ཨ་མེ་རི་ཁས་གྲོས་མཐུན་དེར་རྒྱབ་སྐྱོར་དང་སྲ་བརྟན་དུ་བཏང་ནས་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་ཏུ་འཇུག་དགོས་པའི་རེ་བ་བཏོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕཱ་ལེ་སི་ཐན་མི་དམངས་ལ་དགོས་ངེས་ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་གང་རུང་འདོན་སྤྲོད་བྱེད་རྒྱུ་མ་ཟད། ཅཱ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་ཀྱི་བྲེལ་མྱུར་འཆར་གཞི་གཏན་འབེབས་བྱེད་དགོས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཅིབ་ཀྱིས་ཁཱ་ཐར་དང་ཨ་མེ་རི་ཁའི་བར་མཐུན་སྦྱོར་བྱས་ཏེ། སྤྱི་ཁྱབ་པུའུ་ཨེ་ཅིབ་ཏུ་ཡོད་པའི་མཉམ་འབྲེལ་འགུལ་སྐྱོད་ཁང་ཞིག་འཛུགས་རྒྱུ་ཡིན་པ་དང་། མཉམ་འབྲེལ་འགུལ་སྐྱོད་ཁང་དེས་བཀག་འཇུག་ཐེབས་པའི་མི་སྣའི་བརྗེ་སྤོར་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཀྱི་སྐྱེལ་འདྲེན། དེ་མིན་ལཱ་ཧྥ་རྒྱུ་ལམ་ཡང་བསྐྱར་སྒོ་འབྱེད་བྱས་རྗེས་ཀྱི་མི་སྣའི་འགྲོ་འོང་སོགས་ཀྱི་གནས་ཚུལ་ལ་ལྟ་རྟོག་ཚད་འཇལ་བྱེད་པའི་འགན་ཁུར་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།