ནེ་ཀྲི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས18ཉིན་བསྟན་དོན། ནེ་ཀྲི་རི་ཡཱ་དངོས་སུ་གསེར་གྱོམ་རྒྱལ་ཁབ་ཀྱི་གྲོགས་པོའི་རྒྱལ་ཁབ་ཏུ་གྱུར་རྗེས་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་གྱི་གོ་སྐབས་བེད་སྤྱོད་གང་ལེགས་བྱེད་པ། ནེ་ཀྲི་རི་ཡཱའི་བར་གྱི་འཕེལ་རྒྱས་དམིགས་འབེན་ལ་སྐུལ་འདེད་གཏོང་བའི་འཐབ་ཕྱོགས་གྲོགས་པོའི་འབྲེལ་བར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།
ནེ་ཀྲི་རི་ཡཱའི་མགྲིན་ཚབ་པ་ཨེ་པུས་ཨིན་ཧྥ་ཡིས་ཉིན་དེར་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། གསེར་གྱོམ་རྒྱལ་ཁབ་ཀྱིས་ནེ་ཀྲི་རི་ཡཱ་ཡིས་ཁོངས་གཏོགས་རྒྱལ་ཁབ་བར་གྱི་ཉོ་ཚོང་དང་དངུལ་གཏོང་། སྤྱི་ཚོགས་དཔལ་འབྱོར་མཉམ་ལས་བཅས་ལ་ཤུགས་སྣོན་བྱེད་པའི་ཐད་ཐུན་མིན་གྱི་སྟེགས་བུ་འདོན་སྤྲོད་བྱས་ཡོད། ནེ་ཀྲི་རི་ཡཱ་ཡིས་གསེར་གྱོམ་རྒྱལ་ཁབ་ཀྱི་སྟེགས་བུ་དེར་བརྟེན་ནས་ཉོ་ཚོང་དང་དངུལ་གཏོང་། ནུས་ཁུངས་བདེ་འཇགས། རྨང་གཞིའི་སྒྲིག་ཆས་ཀྱི་འཕེལ་རྒྱས། ལག་རྩལ་དང་ནམ་ཟླའི་འགྱུར་ལྡོག་སོགས་ཐད་ཀྱི་ཐུན་མོང་དམིགས་འབེན་ལ་སྐུལ་འདེད་གཏོང་འདོད་ཡོད། གསེར་གྱོམ་གྱི་གྲོགས་པོའི་འབྲེལ་བ་དེ་ནེ་ཀྲི་རི་ཡཱའི་དཀྱེལ་ཡངས་འཕར་སྣོན་དང་ས་ཁོངས་གཞི་གཅིག་ཅན། རང་བདག་གིས་འདྲ་མཉམ་དྲང་བདེན་གྱི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སྒྲིག་ལམ་ནང་ཞུགས་པའི་རེ་འདུན་དང་འཚམ་ཟེར།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ནེ་ཀྲི་རི་ཡཱ་ཡིས་གསེར་གྱོམ་རྒྱལ་ཁབ་ཀྱི་ཁོངས་གཏོགས་རྒྱལ་ཁབ་བར་འཛུགས་སྐྲུན་རང་བཞིན་ལྡན་པའི་འབྲེལ་འདྲིས་བྱས་ཏེ། ནེ་ཀྲི་རི་ཡཱའི་ཁེ་ཕན་དང་འཐབ་ཇུས་གཙོ་གནད་ལ་འཚམ་པའི་མི་གཞུང་བརྗེ་རེས་གསར་གཏོད་དང་དེར་སྐུལ་འདེད་གཏོང་བར་རེ་བཞིན་ཡོད་ཟེར།
པཱ་ཞིའི་ཕྱི་འབྲེལ་པུའུ་ཡིས་ཚེས17ཉིན་སྤྱི་སྒྲོག་སྤེལ་ཏེ། གསེར་གྱོམ་རྒྱལ་ཁབ་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། པཱ་ཞི་ཡིས་ནེ་ཀྲི་རི་ཡཱ་གསེར་གྱོམ་རྒྱལ་ཁབ་ཀྱི་གྲོགས་པོའི་རྒྱལ་ཁབ་ཏུ་དངོས་སུ་གྱུར་བ་ཁྱབ་བསྒྲགས་བྱས། ནེ་ཀྲི་རི་ཡཱ་ནི་ཨུ་རུ་སི་དཀར་པོ་དང་། པའོ་ལེ་ཝེ་ཡཱ། ཧཱ་སག་སི་ཐན། ཁུ་པཱ། མཱ་ལེ་ཞི་ཡཱ། ཐེ་གོ། ཝུ་ཀན་ཏཱ། ཝུའུ་ཙི་པེ་ཁི་སི་ཐན་བཅས་ཀྱི་རྗེས་སུ་གསེར་གྱོམ་རྒྱལ་ཁབ་ཀྱི་གྲོགས་པོའི་རྒྱལ་ཁབ་ཏུ་གྱུར་བའི་རྒྱལ་ཁབ་དགུ་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།