ཧན་གོའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཧན་གོའི་ཧྲིག་ཨར་ནུབ་ཕྱོགས་ས་ཁུལ་གྱི་ཁྲིམས་ཁང་གིས་ཚེས19ཉིན་གྱི་ཞོགས་པར་ཙུང་ཐུང་དབྱིན་ཞེ་ཡེའོ་འཛིན་བཟུང་བྱས་པའི་བཀག་སྐྱིལ་བཀའ་རྒྱར་ཆོག་མཆན་བཀོད། དབྱིན་ཞེ་ཡེའོ་ནི་ཧན་གོའི་རྩ་ཁྲིམས་ཆབ་སྲིད་ལོ་རྒྱུས་སྟེང་ད་ལྟའི་ཙུང་ཐུང་གི་ཐོབ་ཐང་གིས་བཀག་སྐྱིལ་རྟོག་ཞིབ་དང་ལེན་བྱས་པའི་ཙུང་ཐུང་ཐོག་མར་གྱུར།
ཧྲིག་ཨར་ནུབ་ཕྱོགས་ས་ཁུལ་གྱི་ཁྲིམས་ཁང་གིས་ཚེས18ཉིན་གྱི་ཕྱི་དྲོ་ནས་བཟུང་དབྱིན་ཞེ་ཡེའོ་བཀག་སྐྱིལ་བྱེད་པའི་བཀའ་རྒྱའི་དགོས་གལ་རང་བཞིན་ལ་གྲོས་ཞིབ་བྱས་པ་དང་། ཚེས19ཉིན་གྱི་ཞོགས་པར་བདེན་དཔང་མེད་པར་བཟོས་པའི་དོགས་གཞི་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་དབྱིན་ཞེ་ཡེའོ་ཡི་བཀག་སྐྱིལ་བཀའ་རྒྱར་ཆོག་མཆན་བཀོད། ཧན་གོའི་ཐུན་མོང་རྟོག་ཞིབ་ལས་ཁུངས་ཀྱིས་བསྟན་དོན། བཅའ་ཁྲིམས་དང་འབྲེལ་ཡོད་ཀྱི་ལས་རིམ་ལྟར་དུ་དབྱིན་ཞེ་ཡེའོ་ཡི་གྱོད་དོན་ལ་རྟོག་ཞིབ་བྱེད་རྒྱུ་ཡིན་ཟེར།
དབྱིན་ཞེ་ཡེའོ་ཡིས་མིག་སྔར་ཧྲིག་ཨར་བཀག་སྐྱིལ་ཁང་གི་དོགས་ཡོད་མི་སྣའི་ངལ་གསོའི་ཁང་དུ་སྒུག་ཡོད་པ་དང་། འབྲེལ་ཡོད་ཀྱི་ལས་རིམ་ཡོངས་འགྲུབ་བྱས་རྗེས་དངོས་སུ་བཀག་སྐྱིལ་ཁང་དུ་འགྲོ་རྒྱུ་རེད། དེའི་ཞོར་དུ་དབྱིན་ཞེ་ཡེའོ་ཡི་རྒྱབ་སྐྱོར་མཁན་བརྒྱ་ལྷག་ཧྲིག་ཨར་ནུབ་ཕྱོགས་ཁུལ་གྱི་ཁྲིམས་ཁང་གིས་དབྱིན་ཞེ་ཡེའོ་ཡི་བཀག་སྐྱིལ་བཀའ་རྒྱར་ཆོག་མཆན་བཀོད་རྗེས་ཁྲིམས་ཁང་དེར་ཤོར་ཡོང་ནས། མི་རེ་འགས་གཏོར་བརླག་བྱ་སྤྱོད་སྤེལ་བ་རེད། གཞན་ཡང་མི་ལ་ལས་ཉེན་རྟོག་པའི་ཕུབ་འཕྲོག་པ་དང་ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་ཡོད་ཟེར། དེའི་རྗེས་སུ་ཉེན་རྟོག་པ་མང་བོ་མངག་ནས་དེར་འདུས་ཀྱི་མི་ཚང་མ་ཐོར་དུ་བཅུག
ཧན་གོའི་བཅའ་ཁྲིམས་ལྟར་ན། བཀག་སྐྱིལ་བཀའ་རྒྱར་ཆོག་མཆན་ཐོབ་རྗེས། བཀག་འཇུག་གི་ཡུན་ཚད་ཆེས་རིང་ལ་ཉིན་ཉི་ཤུ་ཡིན་པ་རེད། ཧན་གོའི་སྨྱན་བྱད་ཀྱིས་དབྱེ་ཞིབ་བྱས་པ་ལྟར་ན། ཧན་གོའི་མཐོ་རིམ་གཞུང་སྒྲུབ་མི་སྣའི་ནག་ཉེས་རྟོག་ཞིབ་ཁྲུའུ་ལ་ཞུ་གཏུག་དབང་ཆ་མེད་པའི་དབང་གིས་ཚོད་དཔག་བྱས་ན་གྱོད་དོན་དེ་ཉིན་བཅུའི་རྗེས་སུ་ཞིབ་དཔྱོད་ལས་ཁུངས་ལ་སྤྱོད་རྒྱུ་ཡིན་པ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་མུ་མཐུད་དུ་དབྱིན་ཞི་ཡེའོ་ལ་རྟོག་ཞིབ་བྱས་ཏེ་རྟོག་ཞིབ་མཇུག་སྒྲིལ་རྗེས་ཞུ་གཏུག་བྱེད་རྒྱུ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།