དབྱི་ལིང་སྨྱན་བྱད་ཀྱིས་ཚེས18ཉིན་དབྱི་ལིང་ཁྲིམས་འཛིན་པུའུ་ཡི་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཉིན་དེར་དམར་གསོད་བཏང་བའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གཉིས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱེལ་བ་དང་གསང་མྱུལ་བ། འཇིགས་སྐུལ་རིང་ལུགས་ཀྱི་ནག་ཉེས་བཅས་ལ་ཆམ་ཕབ་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཟེར།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས18ཉིན་བསྒྲགས་པ་ལྟར་ན། འཇབ་རྒོལ་མཁན་ཞིག་གིས་ཉིན་དེར་རྒྱལ་ས་ཏི་ཧེ་ལན་གྱི་དབྱི་སི་ལན་ཆེས་མཐོའི་ཁྲིམས་ཁང་གི་ཐོག་ཁང་ཆེན་མོའི་མདུན་ནས་མེ་མདས་བརྒྱབ་སྟེ། ཁྲིམས་དཔོན་མུའུ་ཧན་མའོ་ཏི་མུའུ་ཅི་སེ་དང་ཨ་ལི་ལཱ་ཆི་ནེ་གཉིས་བསད་པ་དང་། གཞན་ཡང་ཁྲིམས་ཁང་གི་བདེ་སྲུང་མི་སྣ་གཅིག་ལ་རྨས་ཕོག་ནས་སྨན་ཁང་དུ་བསྐྱལ་ཡོད། དོན་རྐྱེན་བྱུང་རྗེས་འཇབ་རྒོལ་མཁན་གྱིས་རང་སྲོག་བཅད་དེ་ཤི་བ་རེད་ཟེར།
དབྱི་ལིང་ཧྥ་ཨར་སི་འཕྲིན་གཏོང་ཁང་གིས་ཏི་ཧེ་ལན་གྱི་ཉེན་རྟོག་ཕྱོགས་ཀྱི་སྐད་ཆ་དྲངས་ནས་བཤད་རྒྱུར། འཇབ་རྒོལ་མཁན་དེ་ནི་སྔོན་ཆད་ཆེས་མཐོའི་ཁྲིམས་ཁང་གི་ཞབས་ཞུ་མི་སྣ་ཡིན་ཟེར།
མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། ཐེངས་འདིའི་འཇིགས་སྐུལ་འགུལ་སྐྱོད་ལྟག་རྒྱབ་ཀྱི་སྟོབས་ཤུགས་ལ་རྟོག་ཞིབ་གསལ་བོ་བྱེད་བཞིན་ཡོད་ཟེར།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ད་རུང་བཤད་རྒྱུར། འདས་པའི་ལོ་གཅིག་གི་ནང་། དབྱི་ལིང་ཁྲིམས་འཛིན་སྡེ་ཁག་གིས་བྱེད་ཐབས་རྒྱ་ཆེར་སྤྱད་དེ། དབྱི་སི་རལ་དང་ཨ་མེ་རི་ཁར་འབྲེལ་བ་ཡོད་པའི་ཚབ་བྱེད་མི་སྣ་དང་། གསང་མྱུལ་བ། འཇིགས་སྐུལ་རྩ་འཛུགས་ཀྱི་མི་སྣ་བཅས་ལ་རྟོག་ཞིབ་དང་ཞུ་གཏུག འཛིན་བཟུང་། ཁྲིམས་གཅོད་བྱས་མྱོང་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།