པེད་ཏིན་གྱིས་ཐི་ལིང་ཕུའུ་སྲིད་གཞུང་གིས་ཅཱ་ཧྲའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དངོས་འབེབས་བྱེད་པར་རོགས་རམ་བྱེད་དགོས་པའི་སྐུལ་མ་བཏང་།
2025.01.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས19ཉིན་གཏམ་བཤད་སྤེལ་ཏེ། ཚེས་ཉི་ཤུ་ཉིན་ལས་འགན་ཁུར་རྒྱུ་ཡིན་པའི་ཐི་ལིང་ཕུའུ་སྲིད་གཞུང་གིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དངོས་འབེབས་བྱེད་པར་རོགས་རམ་བྱེད་དགོས་པའི་སྐུལ་མ་བཏང་།

པེད་ཏིན་གྱིས་བཤད་རྒྱུར། དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་བཀོད་པའི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་བཀག་འཇུག་མི་སྣ་ཕྱིར་གཏོང་བའི་གྲོས་མཐུན་གྱི་སྒྲོམ་གཞིའི་ནང་། སྐོར་ཐེངས་དང་པོའི་ཧཱ་མཱ་སིའི་བཀག་འཇུག་མི་སྣ་གསུམ་ཚེས19ཉིན་ཕྱིར་བཏང་བ་དང་། དེའི་ཞོར་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དྲུད་པའི་དངོས་སྐྱེལ་རླངས་འཁོར་བརྒྱ་ཕྲག་འགའ་ཅཱ་ཧྲ་ས་ཁུལ་དུ་འགྲོ་བཞིན་ཡོད་ཟེར།

པེད་ཏིན་གྱིས་བཤད་རྒྱུར། སྐོར་ཐེངས་དང་པོའི་བཀག་འཇུག་མི་སྣ་གསུམ་ཕྱིར་བཏང་བ་ལས་དུས་ཡུན་ཉིན་ཞེ་གཉིས་ཀྱི་དུས་རིམ་དང་པོའི་གྲོས་མཐུན་དངོས་སུ་ལག་བསྟར་བྱས་པ་མཚོན་ཡོད་ལ། དུས་རིམ་དང་པོའི་གྲོས་མཐུན་ལག་བསྟར་བྱས་རྗེས་ཀྱི་ཉིན་བཅུ་དྲུག་ནས་བཟུང་། དབྱི་སི་རལ་དང་ཧཱ་མཱ་སི་ཡིས་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པ་དང་ཧཱ་མཱ་སི་ཡིས་དབྱི་སི་རལ་ལ་འཇིགས་ཉེན་མི་བཟོ་བ་སོགས་དུས་རིམ་གཉིས་པའི་གྲོས་མཐུན་གྱི་ནང་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར། ཁོས་ཐི་ལིང་ཕུའུ་སྲིད་གཞུང་གིས་གྲོས་མཐུན་དངོས་འབེབས་བྱེད་པར་རོགས་རམ་བྱེད་པ་དང་། མུ་མཐུད་དུ་ཨ་མེ་རི་ཁའི་དབུས་ཤར་ས་ཁུལ་གྱི་གྲོགས་པོར་རྒྱབ་སྐྱོར་བྱེད་པ་དང་། ཟིལ་ཤུགས་ལྡན་པའི་རྒྱབ་བརྟེན་བྱེད་པའི་ཞོར་དུ་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབུས་ཤར་གྱི་ལས་དོན་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།