སུའུ་ཏན་གྱི་དྲག་ཆས་དམག་དཔུང་གིས་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་མི་སྣ40ལྷག་བསད།
2025.01.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

སུའུ་ཏན་གྱི་དྲག་ཆས་དམག་དཔུང་གིས་ཚེས19ཉིན་གསལ་སྒྲོག་སྤེལ་ཏེ། དམག་ཕྱོགས་ཀྱིས་ཚེས18ཉིན་རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་བྱང་མ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཧྥ་ཞེ་ཨར་ནས་དམག་དོན་འགུལ་སྐྱོད་སྤེལ་ཏེ། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་མི་སྣ40ལྷག་བསད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། སུའུ་ཏན་དྲག་ཆས་དམག་དཔུང་གིས་ཚེས18ཉིན་འཐབ་འཛིང་གནམ་གྲུ་མངག་སྟེ་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་ཧྥ་ཞེ་ཨར་གྲོང་ཁྱེར་གྱི་བྱང་ཤར་ཕྱོགས་དང་ལྷོ་ཕྱོགས་སུ་ཡོད་པའི་ཚོད་འཛིན་བྱེད་ས་མང་བོར་བར་སྣང་འཇབ་རྒོལ་ཐེངས་གསུམ་བྱས་ཏེ། སུའུ་ཏན་འཕྲལ་མྱུར་སྐྱོར་དམག་དཔུང་གི་མི་སྣ40བསད་པ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར།

ཏཱ་ཨར་ཧྥུའུ་ཨར་བྱང་མ་མངའ་སྡེའི་འཕྲོད་བསྟེན་པུའུ་ཀྲང་ཧཱ་ཐིས་ཨར་གྱིས་ཚེས19ཉིན་གསར་འགོད་པར་བཤད་རྒྱུར། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས18ཉིན་མངའ་སྡེ་དེའི་ཝུའུ་མུའུ་ཁཱ་ཏཱ་ཏཱ་གྲོང་ཁྱེར་ཤར་ངོས་ཀྱི་སྡེ་བ་ཞིག་ལ་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ18རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི5ལ་རྨས་ཕོག་ཡོད་ཟེར།

སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་མིག་སྔར་ད་རུང་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།