ཨ་ཧྥུའུ་ཧན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གིས་ཀྲུང་གོ་དང་ཨ་ཧྥུའུ་ཧན་བར་འབྲེལ་བ་བཙུགས་ནས་ལོ་ངོ70འགོར་བའི་དགའ་སྟོན་བྱ་འགུལ་སྤེལ།
2025.01.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཨ་ཧྥུའུ་ཧན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གིས་ཚེས20ཉིན་ཨ་ཧྥུའུ་ཧན་གྱི་ཕྱི་འབྲེལ་པུའུ་ནས་མཉམ་དུ་ཀྲུང་གོ་དང་ཨ་ཧྥུའུ་ཧན་བར་འབྲེལ་བ་བཙུགས་ནས་ལོ་ངོ70འགོར་བའི་དགའ་སྟོན་བྱ་འགུལ་སྤེལ། ཨ་ཧྥུའུ་ཧན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲའོ་ཞིན་དང་། ཨ་ཧྥུའུ་ཧན་གྱི་ཕྱི་འབྲེལ་བློན་ཆེན་སི་ཐཱ་ནེ་ཁི་ཀྲ་དབྱེ། ཨ་ཧྥུའུ་ཧན་སྲིད་གཞུང་གི་སྡེ་ཁག་སོ་སོ་དང་བཟོ་ཚོང་ལས་རིགས། སློབ་གསོ་ལས་རིགས་བཅས་ཀྱི་འཐུས་མི། ཨ་ཧྥུའུ་ཧན་དུ་ཡོད་པའི་ཀྲུང་གོའི་དངུལ་གཏོང་ལས་ཁུངས། ཕྱི་སྡོད་རང་མི་སོགས་མི150ཙམ་བྱ་འགུལ་ལ་ཞུགས།

ཀྲའོ་ཞིན་གྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བརྩི་འཇོག་གསུམ་དང་གཏན་ནས་མི་བྱེད་པ་གསུམ་གྱི་སྲིད་ཇུས་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཅིང་། ལོ་ངོ70རིང་ལ་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། མི་དམངས་ཀྱི་མཛའ་བརྩེ་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཨ་ཧྥུའུ་ཧན་གྱི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་བཅས་ལ་རྒྱབ་སྐྱོར་བྱེད་པའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། ཨ་ཧྥུའུ་ཧན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བསྐྱར་འཛུགས་ལ་རོགས་རམ་བྱེད་པའི་གྲོགས་པོ་གལ་ཆེན་ཡིན་ལ། ཨ་ཧྥུའུ་ཧན་གྱི་ཆེད་དུ་དྲང་བདེན་སྐྱོང་བའི་དྲང་ཕྱོགས་ཀྱི་སྟོབས་ཤུགས་ཡིན། མ་འོངས་པར་རྒྱང་བལྟ་བྱས་ན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་དང་ལག་རྡང་སྦྲེལ་ནས་འཕེལ་རྒྱས་དང་དར་རྒྱས་མཉམ་དུ་བརྩོན་ལེན་བྱེད་པ་དང་། ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། དཔལ་ཡོན་བརྗེ་རེས་ཀྱི་མིག་དཔེ་མཉམ་སྐྲུན་བྱེད་འདོད་ཡོད་ཟེར།

སི་ཐཱ་ནེ་ཁི་ཀྲ་དབྱེ་ཡིས་ཨ་ཧྥུའུ་ཧན་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེ་དང་མཛའ་མཐུན་མཉམ་ལས་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་མི་རིགས་ཀྱི་རང་བཙན་ལ་རྒྱབ་སྐྱོར་བྱས་པ་དང་། ཨ་ཧྥུའུ་ཧན་གྱི་རྒྱལ་ཁབ་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་བྱེད་པར་རོགས་འདེགས་བྱས་པར་མ་ཟད། དུས་ཡུན་རིང་བོར་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ཚོགས་ར་ནས་ཨ་ཧྥུའུ་ཧན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཨ་ཧྥུའུ་ཧན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ70འགོར་བ་གོ་སྐབས་སུ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཕྱོགས་སོ་སོའི་མཉམ་ལས་རྒྱ་བསྐྱེད་དེ། ཐུན་མོང་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།