ཟླ་དང་པོའི་ཚེས19ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་མའོ་ཞི་ཁོའི་བདེ་འཇགས་ལས་ཁུངས་ཀྱིས་མཐའ་མཚམས་ས་ཁུལ་ནས་གསང་བའི་ཕུག་ལམ་ཞིག་རྙེད་པ་དང་། མའོ་ཞི་ཁོའི་དབང་འཛིན་ལས་ཁུངས་ཀྱིས་གསང་བའི་ཕུག་ལམ་དེ་བཀག་སྡོམ་བྱེད་རྒྱུ་རེད་ཟེར།
བསྒྲགས་པ་ལྟར་ན། དམག་ཕྱོགས་ཀྱི་དཔོན་པོ་ཞིག་གིས་ཚེས18ཉིན་བཤད་རྒྱུར། དབང་འཛིན་ལས་ཁུངས་ཀྱིས་ཕུག་ལམ་དེའི་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། ཕུག་ལམ་དེ་ཟླ་དང་པོའི་ཚེས10ཉིན་ཨ་མེ་རི་ཁ་དང་མའོ་ཞི་ཁོའི་བདེ་འཇགས་ལས་ཁུངས་ཀྱིས་མཉམ་དུ་རྙེད་པ་ཡིན་ལ། མའོ་ཞི་ཁོའི་ཧྭ་ལོས་སི་གྲོང་ཁྱེར་ནས་ཨ་མེ་རི་ཁའི་ཏི་ཁི་སཱ་སི་མངའ་སྡེའི་ཨེ་ཨར་ཕཱ་སོ་གྲོང་ཁྱེར་དུ་བགྲོད་ཐུབ་ཟེར།
ཕུག་ལམ་དེ་མའོ་ཞི་ཁོའི་ཕྱོགས་ཀྱི་རིང་ཚད་ལ་སྨིད300ཙམ་ཡོད་པ་དང་། གློག་དང་རླུང་རྒྱུའི་སྒྲིག་ཆས་ཡོད་པར་མ་ཟད། སྒྲོམ་གཞི་སྲ་བརྟན་དུ་བཏང་ནས་རྡིབས་སྐྱོན་འབྱུང་བར་སྔོན་འགོག་བྱས་ཡོད། ཕུག་ལམ་དེའི་སྒོ་ཁའི་མཐོ་ཚད་ལ་སྨིད1.8ཡོད་པ་དང་། ཞེང་ཚད་ལ་སྨིད1.2ཡོད་པས། མི་དང་དངོས་རྫས་སོགས་བདེ་བླག་ངང་བགྲོད་ཐུབ་པ་ཡིན།
མའོ་ཞི་ཁོའི་དམག་མིས་བཤད་རྒྱུར། ཕུག་ལམ་དེ་འཛུགས་སྐྲུན་བྱེད་པར་དུས་ཚོད་རིང་བོ་འགོར་ཡོད་པ་ཁོ་ཐག་ཡིན་ལ། ཕལ་ཆེར་ལོ་གཅིག་ནས་གཉིས་འགོར་ཡོད་ཟེར། ཁོས་བསྟན་དོན། མའོ་ཞི་ཁོའི་སྤྱི་ཁྱབ་ཞིབ་དཔྱོད་ཁང་གིས་རྟོག་ཞིབ་ཀྱི་འགན་ཁུར་ཡོད་པ་དང་། སྲིད་གཞུང་མི་སྣའི་ལས་འཛོལ་གནས་ཚུལ་ཡོད་མིན་གཏན་འཁེལ་བྱེད་དགོས། རྒྱུ་མཚན་ནི་ཕུག་ལམ་དེ་ཁོ་ཚོས་མ་ཚོར་བའི་གནས་ཚུལ་འོག་འཛུགས་སྐྲུན་བྱས་པ་རེད་ཟེར།
དབང་འཛིན་ལས་ཁུངས་ཀྱིས་ཕུག་ལམ་དེ་ཡོད་སའི་ས་གནས་སྐོར་གྱི་ཁུངས་སྣེ་རྙེད་ཡོད་པ་དང་། སྔོན་ཆད་སྤྱི་ཚོགས་འབྲེལ་འདྲིས་སྟེགས་བུའི་སྟེང་མི་ལྐོག་འཚོང་བྱེད་པའི་ཚོགས་ཁག་གིས་གྲོས་བསྡུར་བྱས་མྱོང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།