ཐུར་ཁེའི་ནང་སྲིད་པུའུ་ཀྲང་ཡེ་ཨར་ལེ་ཁཱ་ཡཱ་ཡིས་ཚེས21ཉིན་གྱི་དགོང་མོར་བཤད་རྒྱུར། རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་ཀྱི་པའོ་ལུའུ་ཞིང་ཆེན་གྱི་ཁཱ་ཐར་ཁཱ་ཡཱ་གངས་ཤུད་ལྟེ་གནས་ཀྱི་མགྲོན་ཁང་ཞིག་ལ་ཉིན་དེའི་ཞོགས་པར་མེ་སྐྱོན་བྱུང་སྟེ། རྐྱེན་ལམ་དུ་ཤོར་བའི་མི་གྲངས་མི76ལ་འཕར་ཡོད་ཟེར།
ཡེ་ཨར་ལེ་ཁཱ་ཡཱ་ཡིས་ཉིན་དེའི་དགོང་མོར་མེ་སྐྱོན་བྱུང་སའི་ཡུལ་དངོས་ནས་སྨྱན་བྱད་ལ་བཤད་རྒྱུར། མིག་སྔར་རྒུད་སྐྱོབ་བྱ་བ་མཇུག་སྒྲིལ་ཡོད་པ་དང་། མེ་སྐྱོན་ལས་མི76རྐྱེན་ལམ་དུ་ཤོར་བ་དང་། མི51ལ་རྨས་ཕོག་ཡོད། དེའི་ནང་འདས་པོ52ཀྱི་ཐོབ་ཐང་ངོས་འཛིན་བྱས་ཡོད་ལ། ཐེངས་འདིའི་མེ་སྐྱོན་ལ་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་དགུ་བཀག་སྐྱིལ་བྱས་ཡོད་ཟེར།
ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས21ཉིན་ཁྱབ་བསྒྲགས་བྱས་དོན། ཚེས22ཉིན་རྒྱལ་ཡོངས་ཀྱི་མྱ་ངན་ཉིན་མོ་ཡིན་པ་དང་། ཐེངས་འདིའི་མེ་སྐྱོན་ཁྲོད་ཀྱི་འདས་པོར་མྱ་ངན་ཞུ་རྒྱུ་ཡིན་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། མེ་སྐྱོན་དེ་ནི་ཚེས21ཉིན་གྱི་ཞོགས་པའི་དུས་ཚོད3དང་སྐར་མ30ཡས་མས་སུ་བྱུང་། ས་ཁུལ་དེའི་ཡུལ་སྐོར་གྱི་དུས་ཚིགས་གལ་ཆེན་དུ་འཁེལ་ཡོད་པས། མེ་སྐྱོན་བྱུང་སྐབས་བརྩེགས་རིམ12ཅན་གྱི་མགྲོན་ཁང་དེར་བསྡོམས་པས་འགྲུལ་བ234བསྡད་ཡོད་པ་རེད། ཐུར་ཁེའི་ནང་སྲིད་པུའ་ཡིས་བཤད་རྒྱུར། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། རྐྱེན་ལམ་དུ་ཤོར་བའི་མི་ཚང་མ་ཐུར་ཁེའི་སྤྱི་དམངས་ཡིན་པ་དང་། ཕྱི་རྒྱལ་གྱི་སྤྱི་དམངས་ལ་ཤི་རྨས་ཐེབས་པའི་སྙན་ཞུ་གནས་སྐབས་སུ་བསྒྲགས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།