ཨེ་ཅིབ་དང་ཨུ་རུ་སིའི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་ཅཱ་ཧྲའི་གནས་བབ་སོགས་ལ་གྲོས་བསྡུར་བྱས།
2025.01.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཚེས21ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཉིན་དེར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། སེ་ཞི་ཡིས་བསྟན་དོན། ཨེ་ཅིབ་དང་ཁཱ་ཐར། ཨ་མེ་རི་ཁ་བཅས་ཀྱི་མཐུན་སྦྱོར་འོག་བཀོད་པའི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ནི་ས་ཁུལ་གྱི་གནས་བབ་སླར་གསོ་བྱེད་པའི་རྨང་རྡོ་ཡིན་པ་དང་། ཨེ་ཅིབ་ཀྱིས་གྲོས་མཐུན་དེ་ལག་བསྟར་བྱེད་པར་འགན་སྲུང་བྱས་ཏེ། ཁ་གྲངས་མང་བོ་ཡོད་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དག་བཀག་མེད་དུ་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་འགན་སྲུང་བྱེད་དགོས་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་སྒོས་གྲོས་མཐུན་དེ་དངོས་འབེབས་བྱེད་པར་འགན་སྲུང་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་གཞིར་འཛིན་པའི་རྒྱལ་སྤྱིའི་ཁྲིམས་མཐུན་རང་བཞིན་གྱི་གྲོས་ཆོད་ལག་བསྟར་བྱེད་པའི་ཆབ་སྲིད་བགྲོད་ལམ་ཅིག་བཏོད་དགོས་པའི་འབོད་སྐུལ་བཏང་བ་དང་། དེ་ནི་ས་ཁུལ་དེའི་ཡུན་རིང་བདེ་འཇགས་དང་གཏན་འཇགས་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར།

ཕྱོགས་གཉིས་ཀྱིས་ད་རུང་ཕན་ཚུན་བར་གྱི་འབྲེལ་བ་དང་། སི་རི་ཡཱ་དང་ལེ་པཱ་ནུན། སུའུ་ཏན། ལེ་པུ་ཡཱ། ཝུའུ་ཁི་ལན་གྱི་གནས་བབ་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

གཞན་ཡང་ཨུ་རུ་སིའི་ཁི་ལི་མུའུ་ལིན་ཕོ་བྲང་དྲ་ཚིགས་ཀྱིས་ཚེས21ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཕུའུ་ཅིན་དང་སེ་ཞི་ཡིས་ཁ་པར་གྲོས་མོལ་བྱེད་སྐབས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། ཕུའུ་ཅིན་གྱིས་ཨེ་ཅིབ་ཀྱིས་ས་ཁུལ་གྱི་གཏན་འཇགས་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་འབད་བརྩོན་བྱས་པར་གཟེངས་བསྟོད་བྱས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་སི་རི་ཡཱའི་གནས་བབ་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ངེས་པར་དུ་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་དགོས་པ་ནན་བཤད་བྱས་པར་མ་ཟད། སི་རི་ཡཱའི་གཏན་འཇགས་སླར་གསོ་བྱེད་པར་ས་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།