མཉམ་འབྲེལ་རྒྱལ་ཚོགས་ཀྱིས2025ལོའི་རྒྱལ་སྤྱིའི་འཁྱག་རོམ་སྲུང་སྐྱོབ་ལོའི་འགུལ་སྐྱོད་སྤེལ་མགོ་བརྩམས།
2025.01.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཚེས21ཉིན་རི་ནེ་ཝ་རུ་ཡོད་པའི་འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས་རྒྱལ་སྤྱིའི་འཁྱག་རོམ་སྲུང་སྐྱོབ་ལོའི་འགུལ་སྐྱོད་དངོས་སུ་སྤེལ་མགོ་བརྩམས།

འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་དྲ་ཚིགས་ཀྱིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། 2025ལོར་བྱ་འགུལ་སྣ་ཚོགས་སྤེལ་ནས། འཛམ་གླིང་ཡོངས་ཀྱི་མང་ཚོགས་ཀྱི་འཁྱག་རོམ་གྱི་ནམ་ཟླའི་མ་ལག་དང་ཆུ་གཞུང་འཁོར་བསྐྱོད་ཁྲོད་ཀྱི་གནད་འགག་ནུས་པའི་ངོས་འཛིན་མཐོར་འདེགས་གཏོང་རྒྱུ་མ་ཟད། འཁྱག་རོམ་མྱུར་མོར་ཞུ་བ་ལས་བྱུང་བའི་བྲེལ་མྱུར་འགྲན་རྩོད་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཧྲའོ་ལོ་ཡིས་བཤད་རྒྱུར། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཉེ་སྔོན2024ལོ་ནི་ཟིན་ཐོ་ཡོད་པའི་ཚུན་གྱི་ཆེས་ཚ་བ་ཆེ་བའི་ལོ་ཞིག་ཡིན་པ་གཏན་འཁེལ་བྱས་པ་དང་། འཁྱག་རོམ་ཞུ་བ་སོགས་དང་འབྲེལ་བའི་ནམ་ཟླའི་ཚད་མཐའི་ཉེན་བརྡ་ཐེངས་མང་བོར་བཏང་། འཁྱག་རོམ་ཞུ་བ་ལས་མི་ས་ཡ་མང་བོའི་དུས་ཡུན་རིང་བོའི་འཐུང་ཆུའི་བདེ་འཇགས་ལ་འཇིགས་ཉེན་བཟོ་བཞིན་ཡོད་ལ། རྒྱལ་སྤྱིའི་འཁྱག་རོམ་སྲུང་སྐྱོབ་ལོ་ཞེས་པས་ངེས་པར་དུ་འཛམ་གླིང་ཡོངས་ལ་ཉེན་བརྡ་གསལ་བོ་གཏོང་དགོས་ཟེར།

འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། འཛམ་གླིང་ཡོངས་སུ་འཁྱག་རོམ་འབུམ་གཉིས་དང་ཁྲི་བདུན་སྟོང་ལྔ་ལྷག་ཡོད་པ་དང་། སྤྱི་ལེ་ངོས་སྙོམས་གྲུ་བཞི་མ70ཙམ་ལ་ཁེབས་ཡོད། འཁྱག་རོམ་དང་འཁྱག་རོམ་གྱི་ཁེབས་ཚད་ལས་འཛམ་གླིང་ཡོངས་ཀྱི་ཚྭ་མེད་ཆུ་བརྒྱ་ཆའི་བདུན་ཅུ་ཙམ་གསོག་ཡོད། ནམ་ཟླའི་འགྱུར་ལྡོག་དབང་གིས་སའི་གོ་ལའི་འཁྱག་རོམ་རིམ་པ་མྱུར་མོར་ཞུ་བཞིན་ཡོད། འཁྱག་རོམ་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ་དེ་ཁོར་ཡུག་གི་རྒྱུན་མཐུད་རང་བཞིན་ཐད་གལ་འགངས་ཧ་ཅང་ཆེ་བར་མ་ཟད། དཔལ་འབྱོར་གཏན་འཇགས་དང་རིག་གནས་ཡུལ་སྐོར་གྱི་ཞབས་ཞུ་སོགས་ལའང་ཤུགས་རྐྱེན་ཐེབས་བཞིན་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས2022ལོའི་ཟླ12པར་གྲོས་ཆོད་བཀོད་དེ། 2025ལོ་ནི་རྒྱལ་སྤྱིའི་འཁྱག་རོམ་སྲུང་སྐྱོབ་ལོ་ཡིན་པ་དང་། 2025ལོ་ནས་བཟུང་ལོ་རེའི་ཟླ3པའི་ཚེས21ཉིན་དེ་འཛམ་གླིང་འཁྱག་རོམ་ཉིན་མོར་གཏན་འཁེལ་བྱས། དེའི་དམིགས་ཡུལ་ནི་མི་རྣམས་ཀྱི་འཁྱག་རོམ་གྱི་ནམ་ཟླའི་མ་ལག་དང་ཆུ་གཞུང་འཁོར་སྐྱོད་ཁྲོད་ཀྱི་ནུས་པ་གལ་ཆེན་དང་། འཁྱག་རོམ་མྱུར་མོར་ཞུ་བའི་ཤུགས་རྐྱེན་གྱི་ངོས་ཟིན་ཇེ་མཐོར་གཏོང་ཆེད་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།