མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིས་བཟོས་རིག་ནུས་ཀྱི་སློབ་གསོའི་ཁྱབ་ཁོངས་ཀྱི་ལུགས་མཐུན་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
2025.01.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ལོ་རེར་ཐེངས་རེ་འཚོགས་བཞིན་པའི་རྒྱལ་སྤྱིའི་སློབ་གསོ་ཉིན་མོ་མི་འགྱངས་པར་ཐོན་ལས་ཉེ་བའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཚེས20ཉིན་སྤྱི་སྒྲོག་སྤེལ་ཏེ། མིས་བཟོས་རིགས་ནུས་དེ2025ལོའི་རྒྱལ་སྤྱིའི་སློབ་གསོ་ཉིན་མོའི་བརྗོད་སྙིང་དུ་གཏན་འཁེལ་བྱས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་དགེ་རྒན་དང་སློབ་མའི་གསོ་སྦྱོང་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་བཏང་སྟེ། མིས་བཟོས་རིག་ནུས་དེ་སློབ་གསོའི་ཁྱབ་ཁོངས་སུ་ལུགས་མཐུན་གྱིས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་རེའི་ཟླ་དང་པོའི་ཚེས24ཉིན་དེ་རྒྱལ་སྤྱིའི་སློབ་གསོ་ཉིན་མོར་གཏན་འཁེལ་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཚེས24ཉིན་ཕཱ་རེ་སི་དང་ཉིག་ཡོ་ནས་གྲོས་ཚོགས་བསྡུ་རྒྱུ་མ་ཟད། དྲ་རྒྱའི་དཔྱད་བསྡུར་ཚོགས་འདུ་སྤེལ་ནས། མིས་བཟོས་རིག་ནུས་ཀྱི་སློབ་གསོའི་ཁྲོད་ཀྱི་གོ་གནས་ལ་འཛམ་གླིང་ཡོངས་ནས་གྲོས་བསྡུར་བྱེད་པའི་འཆར་གཞི་ཡོད་པ་རེད།

སྤྱི་སྒྲོག་ལས་བསྟན་དོན། མིས་བཟོས་རིག་ནུས་ཀྱི་སློབ་གསོའི་ཁྱབ་ཁོངས་ཀྱི་བེད་སྤྱོད་ཉིན་རེ་བཞིན་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་། སློབ་གསོའི་ལས་རིགས་ཀྱི་ལག་ལེན་ལ་སྔར་བཞིན་མཛུབ་སྟོན་གསལ་བོ་ཞིག་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས2023ལོའི་ཟླ5བར་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ཀྱི་སློབ་ཁྲིད་ལས་ཁུངས450ལ་རྟོག་ཞིབ་བྱས་པ་ལས་མངོན་པ་ལྟར་ན། བརྒྱ་ཆའི་བཅུ་ཙམ་གྱི་སློབ་གྲྭ་དང་སློབ་ཆེན་གྱིས་མིས་བཟོས་རིག་ནུས་ཀྱི་བེད་སྤྱོད་ཐད་དངོས་གཞིའི་སྒྲོམ་གཞི་གཏན་འབེབས་བྱས་ཡོད་པ་དང་། 2022ལོའི་བར་རྒྱལ་ཁབ་བདུན་ཙམ་གྱིས་དགེ་རྒན་ལ་མིས་བཟོས་རིག་ནུས་དང་འབྲེལ་བའི་སྒྲོམ་གཞི་དང་གསོ་སྦྱོང་ཇུས་གཞི་གཏན་འབེབས་བྱས་ཡོད་ལ། རྒྱལ་ཁབ་བཅོ་ལྔ་ཡིས་མིས་བཟོས་རིག་ནུས་ཀྱི་གསོ་སྦྱོང་དམིགས་འབེན་དེ་རྒྱལ་ཁབ་ཀྱི་སློབ་ཁྲིད་མ་ལག་ཁྲོད་བཞག་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨ་ཙུའུ་ལའེ་ཡིས་སྤྱི་སྒྲོག་ནང་བསྟན་དོན། མིས་བཟོས་རིག་ནུས་ཀྱིས་སློབ་གསོའི་ཐད་གོ་སྐབས་གལ་ཆེན་འདོན་སྤྲོད་བྱས་ཡོད་ཀྱང་། སློབ་གྲྭ་བེད་སྤྱོད་བྱེད་ན་ངེས་པར་དུ་རྩ་དོན་གསལ་བོ་བརྩི་སྲུང་བྱེད་དགོས་ཟེར། དེའི་སྦས་ཤུགས་འདོན་སྤེལ་གང་ལེགས་བྱེད་ཆེད། ལག་རྩལ་དེས་ཁ་གསབ་བྱེད་པ་ལས་སློབ་སྦྱོང་བྱེད་པའི་མིའི་མི་གཞུང་དང་སྤྱི་ཚོགས་ཀྱི་སྣང་ཚུལ་གྱི་ཚབ་བྱེད་མི་རུང་། མིས་བཟོས་རིག་ནུས་དེ་དགེ་རྒན་དང་སློབ་མར་ཞབས་འདེགས་ཞུ་བའི་ཡོ་བྱད་དུ་གྱུར་ནས། ཁོ་ཚོའི་རང་བདག་རང་བཞིན་དང་ཕན་བདེ་མཐོར་འདེགས་གཏོང་བའི་ཐད་བཀོལ་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།