འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས21ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་སྲིད་འཛིན་བཀའ་རྒྱ་བཀོད་དེ། ཨ་མེ་རི་ཁ་རྩ་འཛུགས་དེ་ལས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས་པར་ཡིད་འཕང་བའི་ཚུལ་བསྟན་པ་དང་། ཨ་མེ་རི་ཁས་ཡང་བསྐྱར་བསམ་བློ་བཏང་བའི་རེ་བ་བཏོན་པར་མ་ཟད། འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་ལ་བརྟེན་ནས་ཨ་མེ་རི་ཁའི་བར་གྱི་གྲོགས་པོའི་འབྲེལ་བར་སྲུང་སྐྱོབ་བྱེད་པར་རེ་སྒུག་བྱེད་པའི་ཚུལ་བསྟན།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ། རྩ་འཛུགས་དེ་རིམས་ནད་ཀྱི་གཞི་རྩའི་འབྱུང་རྐྱེན་ཐག་གཅོད་པ་གཙོར་བཟུང་ཞིང་། སྔར་ལས་སྟོབས་དང་ལྡན་པའི་འཕྲོད་བསྟེན་མ་ལག་དང་། རིམས་ནད་ཆེན་པོ་འདུས་པའི་ཐོལ་བྱུང་འཕྲོད་བསྟེན་དོན་རྐྱེན་ལ་ངོས་འཛིན་དང་སྔོན་འགོག ཐག་གཅོད་བཅས་ཀྱི་མ་ལག་བཙུགས་ཏེ། ཨ་མེ་རི་ཁའི་མི་དང་བཅས་པའི་འཛམ་གླིང་ཡོངས་ཀྱི་མི་དམངས་ཀྱི་བདེ་ཐང་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་གནད་འགག་ནུས་པ་འདོན་སྤེལ་བྱས་ཡོད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁ་དང་ཁོངས་གཏོགས་རྒྱལ་ཁབ་གཞན་པ་དག་མཉམ་དུ་ཞུགས་ཏེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འདས་པའི་ལོ་ངོ7རིང་ལོ་རྒྱུས་སྟེང་གཞི་རྒྱ་ཆེས་ཆེ་བའི་བཅོས་བསྒྱུར་བྱེད་ཐབས་ལག་བསྟར་བྱས་པ་དང་། མིག་སྔར་བྱ་བ་དེ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།
ཐི་ལིང་ཕུའུ་ཡིས་ཚེས20ཉིན་སྲིད་འཛིན་བཀའ་རྒྱ་བཀོད་དེ། ཨ་མེ་རི་ཁ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནང་ནས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས། ཕོ་བྲང་དཀར་པོས་སྤེལ་བའི་སྲིད་འཛིན་བཀའ་རྒྱ་ལས་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་ཨ་མེ་རི་ཁའི་ཆོད་དོན་དེའི་ཐད་ནས་མྱུར་མོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མགོ་ཁྲིད་རིམ་པར་བརྡ་གཏོང་དགོས་ཟེར། སྲིད་འཛིན་བཀའ་རྒྱ་ལས་གང་མགྱོགས་སྒོས་བྱེད་ཐབས་འོས་འཚམ་སྤྱད་དེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཨ་མེ་རི་ཁའི་སྲིད་གཞུང་ནས་བྱིན་པའི་མ་དངུལ་དང་ཐོན་ཁུངས་ཀྱི་རྒྱབ་སྐྱོར་གང་རུང་གནས་སྐབས་སུ་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།