མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས22ཉིན་སུའེ་ཙེར་གྱི་ཏཱ་བོ་སི་ནས་སྤེལ་བའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2025ལོའི་ལོ་ཚོགས་སྟེང་བསྟན་དོན། མིའི་རིགས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་ཆེན་པོ་གཉིས་ཡིན་པའི་ཆ་ནས། ནམ་ཟླའི་འགྱུར་ལྡོག་དང་ལྟ་རྟོག་དོ་དམ་མེད་པའི་མིས་བཟོས་རིག་ནུས་རྒྱ་བསྐྱེད་ན་མིའི་རིགས་ཀྱི་འཚོ་བར་འཇིགས་ཉེན་ཐེབས་སྲིད་པས། སྔར་ལས་ལྷག་པའི་སྒོ་ནས་དོ་སྣང་དང་ཐག་གཅོད་འགུལ་སྐྱོད་སྤེལ་དགོས་ཟེར།
ནམ་ཟླའི་རྙོག་འཛིང་ལས་བྱུང་བའི་འཚོ་སྡོད་ཀྱི་འཇིགས་ཉེན་གླེང་སྐབས། ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། འཛམ་གླིང་ཡོངས་ཇེ་དྲོར་འགྲོ་བའི་འགྲོས་ཚད་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། མིའི་རིགས་ཀྱིས་ནམ་ཟླའི་བཅོས་སྐྱོང་ལས་བྱུང་བའི་མཇུག་འབྲས་མི་ལེགས་པ་ཁུར་ཐབས་མེད་ཟེར། ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ང་ཚོས་ད་ལྟ་མཐོང་བའི་མཚོ་ངོས་ཇེ་མཐོར་འགྲོ་བ་དང་། ཚ་རླབས། ཆུ་ལོག དྲག་རླུང་། ཐན་པ། རི་མེ་སོགས་ནི་འཇིགས་ཟིལ་གློག་བརྙན་ཅིག་གི་སྔོན་བརྡ་དང་འདྲ་བ་ཡིན། འདི་ལྟ་བུའི་འཛམ་གླིང་ནི་དཔལ་འབྱོར་ཚོགས་པ་སོ་སོར་དཀའ་སྡུག་མྱོང་དུ་འཇུག་པའི་འཛམ་གླིང་ཞིག་རེད་ཟེར།
འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཉེ་སྔོན་སྤེལ་བའི་སྙན་ཞུ་ལས་བཤད་རྒྱུར། ལས་ཁུངས་མང་བོའི་གཞི་གྲངས་ཀྱི་ཕྱོགས་བསྡུས་དབྱེ་ཞིབ་ལས་མངོན་པ་ལྟར་ན། 2024ལོ་ནི་ཟིན་ཐོ་ཡོད་པའི་ཚུན་གྱི་ཚ་བ་ཆེས་ཆེ་བའི་ལོ་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་བཟོ་ལས་ཅན་གྱི་ཡར་སྔོན་གྱི་ཆུ་ཚད་ལས་འཕར་ཚད་དྲོད་གྲངས་གཅིག་དང་གྲངས་ཆུང་ལྔ་ལས་བརྒལ་བའི་ལོ་ཐོག་མ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་སུམ་ཅུ་བ་དེ་ད་ལོར་པཱ་ཞི་ནས་བསྡུ་རྒྱུ་ཡིན་པ་རེད། ཀུའུ་ཐི་ལོས་སི་ཡིས་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ངེས་པར་དུ་དམ་བཅའ་ལག་བསྟར་བྱས་ཏེ། ཚོགས་ཆེན་མ་བསྡུས་གོང་དཔལ་འབྱོར་ཚོགས་པ་སོ་སོར་ཁེབས་པའི་རྒྱལ་ཡོངས་ཀྱི་ནམ་ཟླའི་འགུལ་སྐྱོད་འཆར་གཞི་གྲ་སྒྲིག་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་།
མིས་བཟོས་རིག་ནུས་ཀྱི་གོ་རིམ་མེད་པའི་རྒྱ་བསྐྱེད་ལས་བྱུང་བའི་ཉེན་ཁ་གླེང་སྐབས་ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ལྟ་རྟོག་དང་དོ་དམ་མེད་པའི་གནས་ཚུལ་འོག་མིས་བཟོས་རིག་ནུས་འཕེལ་རྒྱས་སུ་བཏང་ན་མིས་བཟོས་རིག་ནུས་དེ་མགོ་སྐོར་གཏོང་བའི་ཡོ་བྱེད་དུ་བཀོལ་ནས་དཔལ་འབྱོར་དང་ངལ་རྩོལ་ནུས་པའི་ཚོང་རར་རྙོག་དྲ་བཟོ་བ་དང་། སྒྲིག་ལུགས་ཀྱི་ཡིད་ཆེས་ལ་གཏོར་བརླག་གཏོང་སྲིད་པར་མ་ཟད། འཐབ་འཁྲུག་སྟེང་ནས་ནས་མི་ལ་འཇིགས་པ་སྟེར་བའི་མཇུག་འབྲས་འབྱུང་སྲིད། དེ་ལས་གཞན་མིས་བཟོས་རིག་ནུས་ཀྱིས་ཐོན་ཁུངས་དང་ཡོ་བྱད་མེད་པའི་མི་དང་ལེན་མི་བྱེད་པས་ཁོ་ཚོར་འཕེལ་རྒྱས་ཐོབ་ཐབས་མེད་པས། འདྲ་མཉམ་མིན་པའི་སྣང་ཚུལ་ལྷག་ཏུ་མངོན་གསལ་དུ་འགྱུར་སྲིད་ཟེར།
ཀུའུ་ཐི་ལོས་སི་ཡིས་ཡང་བསྐྱར་ནན་གྱིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་རོགས་ལས་ལ་བརྟེན་ནས་རྒྱལ་ཁབ་དང་མི་དམངས་ཚང་མར་མིས་བཟོས་རིག་ནུས་ཀྱི་འཕེལ་རྒྱས་ཁྲོད་ཁེ་ཕན་ཐོབ་པར་འགན་སྲུང་བྱེད་པ་དང་། དཀྱེལ་ཡངས་ཅན་གྱི་འཕེལ་རྒྱས་དང་སྤྱི་ཚོགས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།