མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཕའེ་ཁའེ་རོའུ་ཡིས་ཚེས22ཉིན་བསྟན་དོན། སི་རི་ཡཱ་ལ་དཀྱེལ་ཡངས་རང་བཞིན་གྱི་ཆབ་སྲིད་བར་བརྒལ་འཕེལ་རིམ་མཁོ་བ་དང་། སྤྱི་ཚོགས་ལས་རིམ་སོ་སོ་ཟབ་ཞུགས་བྱེད་དགོས་ཟེར།
ཕའེ་ཁའེ་རོའུ་ཚེས20ཉིན་སི་རི་ཡཱ་རུ་འབྱོར་ནས་འཚམས་འདྲི་བྱེད་མགོ་བརྩམས་པ་དང་། དེའི་སྐབས་སུ་སི་རི་ཡཱའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཆས་པའི་མགོ་ཁྲིད་པ་ཧྲ་ལཱ་དང་སི་རི་ཡཱའི་བར་བརྒལ་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་སོགས་ལ་ཐུག་འཕྲད་བྱས།
ཕའེ་ཁའེ་རོའུ་ཡིས་ཚེས22ཉིན་ཏཱ་མཱ་ཧྲི་ཀི་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁོ་དང་ཧྲ་ལཱ་ཡིས་ཐུག་འཕྲད་བྱེད་སྐབས་སི་རི་ཡཱའི་དྲག་ཆས་ཕྱོགས་ཁག་ཚང་མ་གཅིག་བསྡུས་ལེགས་སྒྲིག་བྱེད་པ་དང་། ཆབ་སྲིད་བར་བརྒལ། བསྐྱར་འཛུགས། དེ་མིན་དབྱི་སི་རལ་གྱི་སི་རི་ཡཱའི་མངའ་ཁོངས་བཙན་བཟུང་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། སི་རི་ཡཱའི་ཕྱོགས་ཀྱི་ཆབ་སྲིད་བར་བརྒལ་འཕེལ་རིམ་གྱི་འདོད་ཚུལ་ཚང་མར་རྒྱུས་ལོན་བྱས་ཡོད་ཟེར།
ཕའེ་ཁའེ་རོའུ་ཡིས་བཤད་རྒྱུར། སི་རི་ཡཱ་ཡིས་རྒྱལ་ཡོངས་གྲོས་མོལ་གྲོས་ཚོགས་ལ་གྲ་སྒྲིག་བྱེད་བཞིན་ཡོད་ཀྱང་། མིག་སྔར་འཆར་གཞི་གསལ་བོ་བཀོད་མེད། སི་རི་ཡཱའི་ཆབ་སྲིད་བར་བརྒལ་འཕེལ་རིམ་དེར་སི་རི་ཡཱའི་མི་གཙོ་བྱས་ཏེ་སི་རི་ཡཱའི་མི་ཚང་མས་བདག་བྱེད་དགོས་པ་དང་། ཕྱི་ཕྱོགས་ཀྱིས་ཐེ་གཏོགས་མི་བྱེད་པར་སྤྱི་ཚོགས་ལས་རིམ་སོ་སོ་ཟབ་ཞུགས་བྱེད་དགོས་ཟེར།
ཕའེ་ཁའེ་རོའུ་ཡིས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡཱ་ལ་རྒྱབ་སྐྱོར་བྱེད་པའི་ཐད་ཐུན་མོང་གི་ངོས་ཟིན་ཡོད་པ་དང་། སི་རི་ཡཱའི་བཀག་སྡོམ་ནི་སྲིད་དབང་སྔོན་མར་དམིགས་པ་ཡིན་པས། བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པའི་རྒྱལ་ཁབ་དག་གིས་ངེས་པར་དུ་ཡང་བསྐྱར་གནད་དོན་དེར་བསམ་བློ་གཏོང་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།