དབྱི་ལིང་ཁྲིམས་འཛིན་སྡེ་ཁག་གི་མགྲིན་ཚབ་པ་ཅཱ་ཧན་ཅི་ཨར་གྱིས་ཚེས22ཉིན་རྒྱལ་གས་ཏི་ཧེ་ལན་ནས་བཤད་རྒྱུར། ཉེ་སྔོན་དབྱི་ལིང་གི་ཁྲིམས་དཔོན་གཉིས་དམར་གསོད་བྱས་པའི་འཇབ་རྒོལ་མཁན་དེ་འཇིགས་སྐུལ་རྩ་འཛུགས་དང་འབྲེལ་བ་ཡོད་པ་བསྙོན་མེད་རེད་ཟེར།
ཅཱ་ཧན་ཅི་ཨར་གྱིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཉེ་སྔོན་དབྱི་ལིང་གི་ཆེས་མཐོའི་ཁྲིམས་ཁང་ནས་བྱུང་བའི་མེ་མདས་བརྒྱབ་པའི་དོན་རྐྱེན་དེ་འཇིགས་སྐུལ་རྩ་འཛུགས་ལ་འབྲེལ་བ་ཡོད་པ་དང་། ཐེངས་འདིའི་འཇབ་རྒོལ་ལ་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་མང་བོ་འཛིན་བཟུང་བྱས་ཡོད་ལ། དེའི་ནང་ཉུང་མཐར་ཡང་མི་གསུམ་འཇིགས་སྐུལ་རྩ་འཛུགས་ལ་འབྲེལ་བ་ཡོད་པ་དང་། དོགས་ཡོད་ཉེས་ཅན་གྱིས་འདྲི་གཅོད་དང་ལེན་བྱེད་བཞིན་ཡོད་ལ། འབྲེལ་ཡོད་གནས་ཚུལ་དེ་མི་འགྱངས་པར་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས18ཉིན་བསྒྲགས་པ་ལྟར་ན། འཇབ་རྒོལ་མཁན་ཞིག་གིས་ཉིན་དེར་ཏི་ཧེ་ལན་གྱི་དབྱི་ལིང་ཆེས་མཐོའི་ཁྲིམས་ཁང་གི་ཐོག་ཁང་ཆེན་མོའི་མདུན་ནས་མེ་མདས་བརྒྱབ་སྟེ། ཁྲིམས་དཔོན་མུའུ་ཧན་མའོ་ཏི་མུའུ་ཅི་སེ་དང་ཨ་ལི་ལཱ་ཆི་ནེ་གཉིས་བསད་པ་དང་། གཞན་ཡང་ཁྲིམས་ཁང་གི་བདེ་སྲུང་མི་སྣ་ཞིག་ལ་རྨས་ཕོག་ནས་སྨན་ཁང་དུ་བསྐྱལ་ཡོད་ཟེར། དོན་རྐྱེན་དེ་བྱུང་རྗེས། འཇབ་རྒོལ་མཁན་གྱིས་རང་སྲོག་བཅད་པ་རེད། དབྱི་ལིང་ཁྲིམས་འཛིན་པུའུ་ཡིས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། དམར་གསོད་བཏང་བའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་དེ་གཉིས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱེལ་བ་དང་། གསང་མྱུལ་དང་འཇིགས་སྐུལ་རིང་ལུགས་ཀྱི་ནག་ཉེས་ལ་ཆམ་ཕབ་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།