ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས21ཉིན་བསྟན་དོན། གལ་ཏེ་ཨུ་རུ་སི་ཡིས་ཝུའུ་ཁི་ལན་དང་མཉམ་དུ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་མི་བྱེད་ན། ཨ་མེ་རི་ཁས་ཨུ་རུ་སིར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་ངེས་ཡིན་ཟེར།
ཐི་ལིང་ཕུའུ་ཡིས་ཚེས21ཉིན་ཕོ་བྲང་དཀར་པོ་ནས་གོང་གི་སྐད་ཆ་དེ་བཤད་པ་ཡིན་ཡང་། བཀག་སྡོམ་བྱེད་ཐབས་གང་འདྲ་ལག་བསྟར་བྱེད་པ་ཞིབ་རྒྱས་སུ་གླེང་མེད། ཐི་ལིང་ཕུའུ་ཡིས་ད་རུང་བཤད་རྒྱུར། སྐབས་གསར་བའི་ཨ་མེ་རི་ཁའི་སྲིད་གཞུང་གིས་ཝུའུ་ཁི་ལན་གྱི་དམག་དོན་རོགས་སྐྱོར་གནད་དོན་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། ཡོ་རོབ་གླིང་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པའི་ཐད་བྱ་བ་མང་བོ་བསྒྲུབ་དགོས་ཟེར།
ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ང་ཚོས་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་གྲོས་མོལ་བྱེད་བཞིན་ཡོད་པ་དང་། ང་ཚོས་མི་འགྱངས་པར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།
གཞན་ཡང་ཨུ་རུ་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལིས་ཡཱ་པུའུ་ཁི་ཧྥུའུ་ཡིས་ཚེས22ཉིན་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ཕུའུ་ཅིན་དང་ཐི་ལིང་ཕུའུ་ཡིས་གྲོས་མོལ་བྱེད་པའི་ཐད་གཅིག་གྱུར་གྲོས་འཆམ་བྱུང་མེད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་དོན་དེའི་ཆེད་དུ་ནང་ཁུལ་ནས་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།