འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ཡིས་ཚེས22ཉིན་བསྟན་དོན། ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར་བ་ནི་ཡོ་རོབ་གླིང་གི་འགྲན་རྩོད་ཅིག་ཡིན་པས། ཡོ་རོབ་གླིང་གིས་ལྷག་ཏུ་རང་སྟོབས་རང་སྤེལ་བྱེད་དགོས་ཟེར།
ཧྲའོ་ཨར་ཚི་ཡིས་ཚེས22ཉིན་ཧྥ་རན་སི་རུ་འཚམས་འདྲི་བྱེད་སྐབས། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་མཉམ་དུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ཧྲའོ་ཨར་ཚི་ཡིས་ད་རུང་བཤད་རྒྱུར། ཡོ་རོབ་གླིང་གིས་ཐི་ལིང་ཕུའུ་ཡིས་ཁྱབ་བསྒྲགས་བྱས་པའི་བྱེད་ཐབས་རབ་དང་རིམ་པར་དབྱེ་ཞིབ་བྱེད་རྒྱུ་ཡིན་ཟེར། མཱ་ཁི་ལུང་གིས་ཀྱང་བསྟན་དོན། མཐུན་སྒྲིལ་དང་སྟོབས་ལྡན། རང་བདག་བཅས་ཀྱི་ཡོ་རོབ་གླིང་ཞིག་འཛུགས་དགོས་པ་དང་། མུ་མཐུད་དུ་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་འབྲེལ་བ་འཕེལ་རྒྱས་སུ་བཏང་བའི་ཞོར་དུ་རང་སྟེང་གི་ཁེ་ཕན་དང་རིན་ཐང་ལྟ་བར་ཡང་མངོན་གསལ་གྱིས་སྲུང་སྐྱོབ་བྱེད་དགོས་ཟེར།
འཇར་མན་སྨྱན་བྱད་ཀྱིས་ཉེ་སྔོན་བསྒྲགས་པ་ལྟར་ན། ཧྲའོ་ཨར་ཚི་ཡིས་ཐི་ལིང་ཕུའུ་ཡི་གྲོས་འདོན་རེ་འགར་རྒྱབ་སྐྱོར་མི་བྱེད་པ་གསལ་བོར་བསྟན། དཔེར་ན་ཐི་ལིང་ཕུའུ་ཡིས་ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཀྱི་གྲོགས་པོ་ཀི་ལིན་ལན་གླིང་ཕྲན་ལེན་རྒྱུའི་འཇིགས་སྐུལ་བྱས་པ་ལྟ་བུ་རེད། ཧྲའོ་ཨར་ཚི་ཡིས་བལྟས་ན་མཐའ་མཚམས་ལ་གནོད་མི་སྐྱེལ་བའི་རྩ་དོན་དེ་རྒྱལ་ཁབ་སོ་སོར་འཚམ་པར་འདོད་པ་དང་། དེའི་ཞོར་དུ་ཧྲའོ་ཨར་ཚི་ཡིས་ཀྱང་ཐི་ལིང་ཕུའུ་ཡིས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་རྒྱལ་སྲུང་འགྲོ་སོང་དེ་རྒྱལ་ཁབ་ཀྱི་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་ལྔ་ཟིན་པར་མཐོར་འདེགས་གཏོང་བའི་རེ་བ་བཏོན་པའི་གཏམ་བཤད་དེར་ངོ་རྒོལ་བྱེད་བཞིན་ཡོད།
ཡིན་ཡང་ཧྲའོ་ཨར་ཚི་ཡིས་ཉེ་སྔོན་ཏཱ་བོ་སི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་སྟེང་དུའང་བསྟན་དོན། ཐི་ལིང་ཕུའུ་ཡིས་ལས་འགན་ཁུར་རྗེས། ཨ་མེ་རི་ཁ་ནི་སྔར་བཞིན་འཇར་མན་གྱི་ཡོ་རོབ་གླིང་མནའ་འབྲེལ་མ་གཏོགས་པའི་ཆེས་མཛའ་མཐུན་གྱི་མནའ་མཐུན་གྲོགས་པོ་ཡིན་ཟེར། ཧྲའོ་ཨར་ཚི་ཡིས་ནུས་པ་གང་ཡོད་བཏོན་ནས་འཇར་མན་དང་ཨ་མེ་རི་ཁའི་འབྲེལ་བར་སྲུང་སྐྱོབ་བྱེད་རྒྱུའི་ཚུལ་བསྟན།
འཇར་མན་གྱི་སྤྱི་ཚོགས་དམངས་གཙོ་ཏང་གྲོས་ཁང་ཏང་ཚོགས་ཀྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་མགྲིན་ཚབ་པ་ཧྲི་མུས་ཏི་ཡིས་འཇར་མན་གྱི་མེ་ལོང་གཟའ་འཁོར་དུས་དེབ་བརྒྱུད་དེ་བསྟན་དོན། ཐི་ལིང་ཕུའུ་ནི་སྔར་བཞིན་འགྲིག་མཐུན་མི་བྱེད་ཅིང་། ཕྱོགས་གཉིས་སུ་ལྷུང་སྲིད་པའི་ཆབ་སྲིད་པ་ཞིག་ཡིན་ལ། ཁོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་བྱེད་ཕྱོགས་རེ་འགར་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།