ཐུ་ནི་ཞི་ཡཱ་ཡིས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་རྗེས་ལུས་རྒྱལ་ཁབ་ལ་རོགས་བྱས་ནས་ལྐོག་འབྲོས་རྒྱ་ཡན་དུ་འགྲོ་བ་ཇེ་ཉུང་དུ་གཏོང་དགོས་པའི་སྐུལ་མ་བཏང་།
2025.01.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཐུ་ནི་ཞི་ཡཱའི་ཕྱི་འབྲེལ་རྒྱལ་སྲིད་དྲུང་ཡིག་དབྱེ་ཡཱ་ཏི་ཡིས་ཚེས22ཉིན་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་རྗེས་ལུས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་འགན་འཁྲི་ལག་བསྟར་བྱས་ཏེ། ལྐོག་འབྲོས་བྱ་འགུལ་རྒྱ་ཡན་དུ་འགྲོ་བ་ཇེ་ཉུང་དུ་གཏོང་དགོས་པའི་སྐུལ་མ་བཏང་།

དབྱེ་ཡཱ་ཏི་ཡིས་ཉིན་དེར་ཐུ་ནི་ཞི་ཡཱའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཉམ་ལས་འོག 2024ལོར་ཐུ་ནི་ཞི་ཡཱ་ཡིས་ཁྲིམས་འགལ་གནས་སྤོར་སྡོད་དམངས་སྟོང་བདུན་དང་ཉིས་བརྒྱ་ལྔ་བཅུ་ཕྱིར་རང་རང་གི་རྒྱལ་ཁབ་ཏུ་བསྐྱལ་བ་རེད། ཁོས་བཤད་རྒྱུར། དབུལ་ཕོངས་དང་ཟིང་འཁྲུག་ནི་ལྐོག་འབྲོས་བྱ་འགུལ་བྱུང་བའི་འབྱུང་རྩ་ཡིན་པ་དང་། ཁྲིམས་འགལ་གྱི་བྱ་སྤྱོད་དེ་རིགས་ནམ་རྒྱུན་མི་སྣའི་ལྐོག་འཚོང་གི་ནག་ཉེས་དྲ་བར་འབྲེལ་ཡོད་ཟེར།

དབྱེ་ཡཱ་ཏི་ཡིས་བསྐྱར་སྒྲོག་བྱས་དོན། ཐུ་ནི་ཞི་ཡཱ་ཡིས་རྣམ་པ་གང་རུང་གི་ལྐོག་འབྲོས་བྱ་འགུལ་ལ་ངོ་རྒོལ་བྱེད་པ་དང་། ཁྲིམས་འགལ་གནས་སྤོར་སྡོད་དམངས་བརྒྱུད་སའི་ས་ཁོངས་དང་བཀོད་སྒྲིག་བྱེད་སར་འགྱུར་བར་ཁས་ལེན་མི་བྱེད་ཟེར།

ཐུ་ནི་ཞི་ཡཱ་ནི་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་བྱང་སྣེ་རུ་གནས་དང་། དབྱི་ཐཱ་ལེ་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་བར་ས་དཀྱིལ་མཚོ་ཁོངས་ཀྱིས་ཆོད་ཡོད། ཉེ་བའི་ལོ་འགའི་རིང་ལ། ཐུ་ནི་ཞི་ཡཱ་ནས་དབྱི་ཐཱ་ལེ་རུ་ལྐོག་འབྲོས་བྱས་པའི་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།