མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནེ་ལོ་པུས་དོན་གཅོད་ཁང་གི་སྤྱི་ཁྱབ་ལས་འཛིན་པ་པན་ཀུའུ་ལཱ་ཡིས་ཚེས22ཉིན་བསྟན་དོན། ལུགས་རྙིང་ལོ་སར་གྱི་རིག་གནས་ལས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་རིན་ཐང་ལྟ་བ་མངོན་པར་མཚོན་ཡོད་ལ། འཛམ་གླིང་གི་དཔལ་ཡོན་གཞན་པའི་བར་གྱི་སྦྲེལ་ཐག་ལྟ་བུ་རེད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནེ་ལོ་པུས་དོན་གཅོད་ཁང་གིས་ཉིན་དེར་ཀྲུང་གོའི་ལུགས་རྙིང་ལོ་སར་གྱི་དགའ་སྟོན་བྱ་འགུལ་སྤེལ། པན་ཀུའུ་ལཱ་ཡིས་བྱ་འགུལ་སྟེང་ཞུ་ཚིག་ཕུལ་ནས། ལུགས་རྙིང་ལོ་སར་གྱི་རིག་གནས་ལས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་ལས་བྱེད་པའི་རིན་ཐང་ལྟ་བ་མངོན་པར་མཚོན་ཡོད་པ་དང་། ཀྲུང་གོའི་རིག་གནས་ཀྱི་རྣམ་པ་གལ་ཆེན་ཞིག་ཡིན་པར་མ་ཟད། འཛམ་གླིང་གི་དཔལ་ཡོན་གཞན་པའི་བར་གྱི་སྦྲེལ་ཐག་ལྟ་བུའང་རེད། མཉམ་འབྲེལ་རྒྱལ་ཚོགས་འདུས་པའི་ཕྱོགས་མང་ལས་ཁུངས་ཀྱིས་ལུགས་རྙིང་ལོ་སར་ལ་རྟེན་འབྲེལ་ཞུ་བ་དེ་འཛམ་གླིང་ཡོངས་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་པའི་ཐད་གཏིང་རིང་བའི་དོན་སྙིང་ལྡན་ཟེར།
པན་ཀུའུ་ལཱ་ཡིས་བཤད་རྒྱུར། ངས་ནེ་ལོ་པུས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱིམ་གཞི་ཆེན་མོའི་ཚབ་བྱས་ཏེ། སྦྲུལ་གྱི་ལོ་ལ་ང་ཚོར་སྤྱིར་བཏང་མ་ཡིན་པའི་བློ་གྲོས་དང་ངེས་ཤུགས་ཆེན་པོ་བྱུང་ནས། མིག་སྔའི་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་ཐུབ་པར་རེ་བས་ཁེངས་ཡོད་ཟེར།
ཉིན་དེའི་དགའ་སྟོན་བྱ་འགུལ་ལ་ཞུགས་མཁན་ཁུན་ནེ་ཡཱའི་ཕྱི་འབྲེལ་པུའུ་ཡི་མེད་ཁའོ་ལེ་ཡིས་བསྟན་དོན། ལུགས་རྙིང་ལོ་སར་གྱིས་རིག་གནས་མི་འདྲ་བ་དང་། རིགས་རྒྱུད་མི་འདྲ་བ། དད་མོས་མི་འདྲ་བའི་མི་རྣམས་གཅིག་ཏུ་འདུས་པར་བྱས་ཏེ། ཕན་ཚུན་བར་གྱི་རྒྱུས་ལོན་དང་བརྩི་འཇོག་ཇེ་དྲག་ཏུ་གཏོང་ཐུབ་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།