དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་ལིང་གིས་ཉིང་རྡུལ་མཚོན་ཆ་ལས་རྒྱུ་མིན་པ་བསྐྱར་སྒྲོག་བྱས།
2025.01.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལཱ་ཀི་ཆི་ཡིས་ཚེས23ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། དབྱི་ལིང་གིས་ཉིང་རྡུལ་མཚོན་ཆ་ལས་རྒྱུ་མིན་པ་བསྐྱར་སྒྲོག་བྱས།

ཨ་ལཱ་ཀི་ཆི་ཡིས་བཤད་རྒྱུར། དབྱི་ལིང་གིས་འཛམ་གླིང་ཡོངས་ཀྱི་ཉིང་རྡུལ་ནུས་པ་རྒྱ་ཡན་དུ་མི་འགྲོ་བའི་རྐྱེན་སྲོལ་ལ་དུས་ཡུན་རིང་བོའི་དམ་བཅའ་གསལ་བོ་བཞག་ཡོད། 1968ལོར། དབྱི་ལིང་གིས་སྲོལ་འབྱེད་མཁན་གྱི་རྒྱལ་ཁབ་ཡིན་པའི་ཆ་ནས་ཉིང་རྡུལ་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་བཀོད། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མེ་ནེ་དབྱེ་ཡིས་ཡིག་ཐོག་གི་ཡིག་ཆ་བརྒྱུད་དེ་གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་གང་ཡིན་ཡང་དབྱི་ལིང་ནས་ཁྲིམས་འགལ་ཡིན་པ་དངོས་སུ་ཁྱབ་བསྒྲགས་བྱས།

ཁོས་བཤད་རྒྱུར། དབྱི་ལིང་གིས2015ལོའི་ཟླ7པར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཆེན་མོའི་བར་ཉིང་རྡུལ་ནུས་པའི་གྲོས་མཐུན་བཀོད་པ་དང་། གྲོས་མཐུན་དེས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ལོ་རྒྱུས་སྟེང་ཐེ་གཏོགས་ཀྱི་ཚད་ཆེས་མཐོ་བའི་ཞིབ་བཤེར་ལམ་ལུགས་ལག་བསྟར་བྱས་ཡོད། དབྱི་ལིང་གིས་ད་རུང་གྲོས་མཐུན་ཁྲོད་དུ་གནས་ཚུལ་ཅི་འདྲའི་འོག་ཏུའང་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་སུ་གཏོང་མི་སྲིད་པ་གསལ་བོར་བསྟན་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། དེ་ནི་དུས་ཡུན་རིང་བོའི་དམ་བཅའ་གསལ་བོ་ཞིག་ཡིན་པ་དང་། ཨ་མེ་རི་ཁ2018ལོར་ཕྱོགས་གཅིག་ནས་གྲོས་མཐུན་དེ་ལས་ཕྱིར་བུད་རྗེས་ཀྱང་། དབྱི་ལིང་གིས་སྔར་བཞིན་དམ་བཅའ་དེ་བརྩི་སྲུང་ནན་མོ་བྱེད་བཞིན་ཡོད་ཟེར།

དབྱི་ལིང་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཚེས22ཉིན་ཏཱ་བོ་སི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་དབུས་ཤར་གྱི་གནས་བབ་སྐོར་གླེང་སྐབས་བསྟན་དོན། དབྱི་ལིང་གིས་ནམ་ཡིན་ཡང་རང་ཉིད་ཀྱིས་ཉིང་རྡུལ་ནུས་པའི་མཚོན་ཆ་བསྐྱུར་བའི་བསམ་ཚུལ་རྣམ་དག་སྟོན་དགོས་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།