སུའུ་ཏན་དྲག་ཆས་དམག་དཔུང་གི་མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གིས་ཚེས24ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། དྲག་ཆས་དམག་དཔུང་གིས་ཁཱ་ཐུའུ་མུའུ་གྲོང་ཁྱེར་བྱང་ཤར་ཕྱོགས་སུ་དཔུང་འཇུག་བྱས་པ་དང་། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་གྲོང་ཁྱེར་དེའི་ལྷོ་ཕྱོགས་སུ་གནས་པའི་འཕྲིན་གཏོང་དམག་དོན་རྟེན་གཞིའི་མཐའ་བསྐོར་མཚམས་བཞག་པར་མ་ཟད། ཁཱ་ཐུའུ་མུའུ་གྲོང་ཁྱེར་དབུས་ཕྱོགས་ཀྱི་དམག་ཕྱོགས་ཀྱི་དམག་སྤྱི་པུའུ་ནང་གི་མཛའ་མཐུན་དམག་དཔུང་དང་ལྷན་འཛོམས་བྱས། དེ་ལས་གཞན་དྲག་ཆས་དམག་དཔུང་གིས་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་དེ་སུའུ་ཏན་གྱི་ཆེས་ཆེ་བའི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ་ཁཱ་ཐུའུ་མུའུ་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ་ནས་མཐར་སྐྲོད་བཏང་སྟེ། རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ་དེ་བདག་གིར་བཟུང་ཡོད་ཟེར། གསལ་སྒྲོག་ལས་ད་རུང་བཤད་རྒྱུར། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམགད་པུང་གིས་ཉིན་དེའི་ཕྱི་དྲོར་ནུབ་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཧྥ་ཞེ་ཨར་ལ་གཞི་རྒྱ་ཆེ་བའི་དཔུང་འཇུག་བྱས་པར་སུའུ་ཏན་དྲག་ཆས་དམག་དཔུང་གིས་ས་གནས་དྲག་ཆས་པར་མཉམ་འབྲེལ་བྱས་ཏེ་མཐར་སྐྲོད་བཏང་ཡོད་ཟེར།
སུའུ་ཏན་གྱི་རིག་གནས་དང་གསར་འགྱུར་པུའུ་ཀྲང་ངམ་སྲིད་གཞུང་གི་མགྲིན་ཚབ་པ་ཨེ་སཱ་ཨར་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་དྲག་ཆས་དམག་དཔུང་གིས་རྒྱལ་ས་དང་ནུབ་ཕྱོགས་ས་ཁུལ་གྱི་འཐབ་ཕྱོགས་མང་བོ་ནས་རྒྱལ་ཁ་བླངས་ཡོད་པ་དང་། དེ་ནི་མེས་རྒྱལ་གྱི་བདེ་འཇགས་དང་གཏན་འཇགས་སླར་གསོ་བྱེད་པའི་བཞུད་ལམ་སྟེང་གི་ལམ་ཚད་རྡོ་རིང་ལྟ་བུ་ཡིན་ཟེར།
སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དམག་དཔུང་དེས་སྔར་བཞིན་ཁཱ་ཐུའུ་མུའུ་གྲོང་ཁྱེར་བྱང་མ་ནས་སུའུ་ཏན་དྲག་ཆས་དམག་དཔུང་བར་འཁྲུག་རྩོད་དྲག་པོ་བྱས་པ་དང་། སུའུ་ཏན་དྲག་ཆས་དམག་དཔུང་གིས་རྒྱལ་ཁ་བླངས་པའི་རྫུན་གཏམ་འུད་སྒྲོག་བྱས་པ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།