དབྱི་ལིང་མེད་ཧི་ཨར་འཕྲིན་གཏོང་ཁང་གིས་ཚེས24ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་མཚོ་དམག་གིས་ལྷོ་ཕྱོགས་ཀྱི་མཚོ་ཁོངས་སུ་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་སྤེལ་བཞིན་ཡོད་ཟེར།
དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་མཚོ་དམག་གི་དམག་སྤྱི་ཐན་ཀི་ཞི་ལི་ཡིས་བཤད་རྒྱུར། ཐེངས་འདིའི་ཚབ་མིང་ལ་རླབས་ཆེ་བའི་སྔོན་གཤེགས་ཞེས་པའི་དམག་དོན་སྦྱོང་བརྡར་དེ་པའོ་སི་མཚོ་ཁུགས་ཀྱི་བྱང་ངོས་དང་དབུས་ཕྱོགས་མཚོ་ཁོངས་སུ་སྤེལ་བཞིན་ཡོད་པ་དང་། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་དམག་ཡུལ་ནི་ཉེ་འཁོར་རྒྱལ་ཁབ་དག་ལ་ཞི་བདེ་དང་མཛའ་མཐུན་གྱི་བརྡ་གསལ་བོ་གཏོང་ཆེད་ཡིན། དབྱི་ལིང་གིས་ཉེ་འཁོར་རྒྱལ་ཁབ་དག་དང་མཉམ་དུ་པའོ་སི་མཚོ་ཁུགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ནུས་པ་ཡོད་པར་མ་ཟད། འཇིགས་ཉེན་གང་རུང་གི་མདུན་ནས་གཅིག་ཆོད་ཀྱི་འགུལ་སྐྱོད་སྤེལ་ཐུབ་ཟེར།
ཐན་ཀི་ཞི་ལི་ཡིས་ད་རུང་བསྟན་དོན། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་གཞན་ཞིག་ནི་རྒྱལ་སྤྱིའི་ཆུ་ལམ་གྱི་སྐྱེལ་འདྲེན་དང་དཔལ་འབྱོར་བདེ་འཇགས་ལ་འགན་སྲུང་བྱེད་ཆེད་ཡིན། དམག་དོན་སྦྱོང་བརྡར་སྤེལ་སྐབས་འགྲོས་ཚད་མྱུར་བའི་འཕུར་མདའི་གཏོང་འཕེན་ནུས་པ་ལྡན་པའི་རྣམ་པ་གསར་བའི་གྲུ་གཟིངས་འགྲེམ་སྟོན་བྱེད་རྒྱུ་ཡིན་ཟེར།
དབྱི་ལིང་གི་དྲག་ཆས་དམག་དཔུང་གིས་ཉེ་སྔོན་དམག་དོན་སྦྱོང་བརྡར་མང་དུ་སྤེལ་བཞིན་ཡོད། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་མགྲིན་ཚབ་པས་ཟླ་འདིའི་ཚེས6ཉིན་བསྟན་དོན། དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་དབྱི་ལིང་དམག་དཔུང་གི་དམག་དོན་གྲ་སྒྲིག་རྣམ་པ་སྲུང་འཛིན་དང་མཐོར་འདེགས་བྱས་ཏེ། མི་མངོན་པའི་དམག་དོན་འཇིགས་ཉེན་དང་གཏོར་བརླག་བྱ་སྤྱོད་ཐག་གཅོད་བྱས་རྒྱལ་ཡོངས་ཀྱི་བློ་སྤོབས་ཆེར་བསྐྱེད་བྱེད་ཆེད་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།