སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་གྱིས་ཚེས24ཉིན་སི་རི་ཡཱའི་བཀག་སྡོམ་ཡོད་ཚད་མྱུར་མོར་མེད་པར་བཏང་སྟེ། སི་རི་ཡཱའི་དཔལ་འབྱོར་འཕེལ་རྒྱས་མངོན་འགྱུར་བྱས་ནས། སི་རི་ཡཱའི་གནས་བབ་གཏན་འཇགས་དང་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་འགྲོ་བར་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་།
ཧྥེ་སཱ་ཨར་གྱིས་ཚེས24ཉིན་སི་རི་ཡཱ་རུ་འཚམས་འདྲི་བྱས་པ་དང་། སི་རི་ཡཱའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཆས་པའི་མགོ་ཁྲིད་པ་ཧྲ་ལཱ་དང་སི་རི་ཡཱའི་བར་བརྒལ་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་ཞེ་པཱ་ནེ་གཉིས་ལ་ཐུག་འཕྲད་བྱས། དེ་ནི་ན་ནིང་ཟླ12པར་སི་རི་ཡཱའི་གནས་བབ་ལ་འགྱུར་ལྡོག་བྱུང་རྗེས་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཐོག་དང་པོར་སི་རི་ཡཱ་རུ་འཚམས་འདྲི་བྱས་པ་རེད།
ཧྥེ་སཱ་ཨར་དང་ཞེ་པཱ་ནེ་གཉིས་ཀྱིས་གྲོས་མོལ་བྱས་རྗེས་མཉམ་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས།
ཧྥེ་སཱ་ཨར་གྱིས་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་སི་རི་ཡཱའི་མགོ་ཁྲིད་རིམ་པ་གསར་བས་སྤྱི་ཚོགས་ལས་རིགས་སོ་སོའི་བར་གྲོས་མོལ་བྱེད་པ་དང་། སྲིད་གཞུང་ལས་ཁུངས་སོར་འཇོག་བྱེད་པ། འཇིགས་སྐུལ་ངོ་རྒོལ། འཁོན་ལན་སློག་པའི་འགུལ་སྐྱོད་སྔོན་འགོག་བྱེད་པ་སོགས་ཀྱི་ཐད་བྱེད་ཐབས་ནུས་ལྡན་སྤྱད་པར་གཟེངས་བསྟོད་བྱས། ཁོས་མྱུར་མོར་སི་རི་ཡཱའི་བཀག་སྡོམ་ཡོད་ཚད་མེད་པར་བཏང་སྟེ། དངུལ་གཏོང་དང་ཐོན་ཁུངས་སི་རི་ཡཱ་རུ་སྐྱེལ་བར་ཆོག་མཆན་འགོད་དགོས་པའི་འབོད་སྐུལ་བཏང་།
ཞེ་པཱ་ནེ་ཡིས་བཤད་རྒྱུར། བཀག་སྡོམ་ལས་མང་ཚོགས་ཀྱི་ཁུར་བོ་ཇེ་ལྗིད་དུ་སོང་ཡོད་ཅིང་། བསྐྱར་འཛུགས་ཀྱི་འཕེལ་རིམ་ལ་བཀག་རྒྱ་བཟོས་ཡོད། བཀག་སྡོམ་མེད་པར་གཏོང་བ་ནི་སི་རི་ཡཱའི་མི་དམངས་ཀྱི་འཇོན་ནུས་འཕེལ་བ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་སྒོ་ཆེན་ཡངས་པོར་འབྱེད་པའི་གོ་རིམ་གལ་ཆེན་ཞིག་ཡིན་ཟེར།
སི་རི་ཡཱའི་ཆབ་སྲིད་གནས་བབ་ལ་འགྱུར་ལྡོག་བྱུང་རྗེས། སི་རི་ཡཱ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བ་མྱུར་མོར་འཕེལ་རྒྱས་བྱུང་། ཞེ་པཱ་ནེ་ཡིས་ཟླ་འདིའི་ཚེས1ཉིན་བར་བརྒལ་སྲིད་གཞུང་གི་དཔོན་རིགས་ཀྱི་ཐོག་མའི་དངོས་གཞིའི་འཚམས་འདྲི་མགོ་བརྩམས་པ་དང་། དམིགས་སའི་ཡུལ་ནི་སོ་ཏི་ཨ་རབ་རེད། སོ་ཏི་ཨ་རབ་ཀྱིས་ཉེ་བའི་ལོ་འགའི་རིང་ལ། སི་རི་ཡཱ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མང་བོ་འདོན་སྤྲོད་བྱས་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།