འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་ནས་མཉམ་ལས་ལ་བརྟེན་ནས་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
2025.01.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2025ལོའི་ལོ་ཚོགས་ཚེས24ཉིན་སུའེ་ཙེར་གྱི་ཏཱ་བོ་སི་ནས་གྲོལ། ཚོགས་ཞུགས་མི་སྣ་དག་གིས་ཡོངས་ཁྱབ་ཏུ་བལྟས་ན། ས་ཁུལ་བར་གྱི་ཆབ་སྲིད་དང་ཆེ་མཐོང་དཔལ་འབྱོར། ནམ་ཟླའི་འགྱུར་ལྡོག མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་མདུན་ནས། མཉམ་ལས་ནི་ད་གཟོད་གནད་དམ་པ་ཡིན་ཟེར།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཙུང་ཚེ་པའོ་ཨར་ཀི་པུའུ་ལུན་ཏི་ཡིས་ལོ་ཚོགས་ཀྱི་ཆེས་མཇུག་མཐའི་ཡན་ལག་གླེང་སྟེགས་སྟེང་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་ས་ཁུལ་བར་གྱི་ཆབ་སྲིད་དང་དཔལ་འབྱོར་ཆེ་མཐོང་རྣམ་པར་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བ་དང་ཐཱན་ཉུང་གཏོང་བྱེད་པ། འཁྲུག་རྩོད་མཇུག་སྒྲིལ་བ་བཅས་ཀྱི་ཐག་གཅོད་ཐབས་ཇུས་འཚོལ་ཞིབ་བྱེད་པར་དགོས་གལ་ཧ་ཅང་ཆེ། དུས་ཚོད་ཀྱིས་མི་ལ་སྒུག་མི་སྲིད་པ་དང་། གནད་དོན་དེ་དག་གི་ཐད་ནས་བླངས་པའི་གྲུབ་འབྲས་ཀྱི་བྱེད་ཐབས་ཉག་ཅིག་ནི་ཐུན་མོང་འབད་བརྩོན་རེད་ཟེར།

ཡོ་རོབ་གླིང་དངུལ་ཁང་གི་མགོ་བ་ལཱ་ཅཱ་ཏི་ཡིས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་ཉོ་ཚོང་དེ་ངེས་པར་དུ་མཉམ་ལས་གྲོགས་པོ་དག་ལ་ཡིད་ཆེས་སྟེར་བའི་སྒྲོམ་གཞིའི་ནང་འཛུགས་དགོས་པ་དང་། རྩ་དོན་མེད་པར་བཟོ་མི་རུང་ལ། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་དང་འཛམ་གླིང་དངུལ་ཁང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་སོགས་ལས་ཁུངས་མང་བོར་སྣང་ཆུང་བྱེད་མི་རུང་ཟེར།

འགྲན་རྩོད་ཇེ་དྲག་ཏུ་སོང་བ་དང་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ཀྱི་སྣང་ཚུལ་སོགས་འགྲན་རྩོད་གླེང་སྐབས་ལཱ་ཅཱ་ཏི་ཡིས་བལྟས་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། ཕྱོགས་སོ་སོས་གྲོས་མོལ་ལ་བརྟེན་ནས་བསམ་འཆར་བརྗེ་རེས་བྱེད་དགོས་པ་དང་། རྒྱལ་ཁབ་རེ་འགའ་རྒྱལ་ཁབ་གཞན་ལས་གོ་གནས་གལ་ཆེན་དུ་གནས་ཡོད་ཀྱང་། ང་ཚོར་ཕན་ཚུན་མཁོ་གལ་ཆེ་བ་ཡིན་ཟེར།

སིང་ག་ཕོར་གྱི་ཙུང་ཐུང་ཧྲང་ཏཱ་མན་གྱིས་སྒོ་འབྱེད་དང་ཕན་ཚུན་རོགས་འདེགས་བྱེད་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱས་ཏེ། མིས་བཟོས་རིག་ནུས་སོགས་ལག་རྩལ་དག་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་དོ་མཉམ་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིན་དོད་ལ་མི་བལྟ་བར་ཕྱོགས་མཐའ་རུ་ལྷུང་བར་སྔོན་འགོག་བྱེད་དགོས་ཟེར།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ཙུང་ཚེ་ཀི་ཨོ་ཨར་ཅི་ཡེ་ཝ་ཡིས་བསྟན་དོན། ཕྱོགས་མང་བོའི་འགྲན་རྩོད་ལ་འཕྲད་ཡོད་ཀྱང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་ལ་ངར་ཤུགས་མངོན་ཡོད་པ་དང་། དེ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་དང་རྒྱལ་སྤྱིའི་གསལ་རྩིས་དངུལ་ཁང་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་སོགས་རྐྱེན་སྲོལ་ལས་བསྟུད་མར་འཛམ་གླིང་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བཏང་བས་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།