ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་སྔར་ལས་མང་བོ་བཀག་འཇུག་བྱས།
2025.01.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་ཚེས24ཉིན་བཤད་རྒྱུར། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་སྔར་ལས་མང་བོ་བཀག་འཇུག་བྱས་པར་དམིགས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡེ་མིན་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་ས་ཁུལ་གྱི་དཔོན་ཕྱོགས་ཀྱི་འགུལ་སྐྱོད་ཚང་མ་མཚམས་བཞག་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་ལས་དོན་གྱི་འགན་ཁུར་བའི་བཅའ་སྡོད་བྱེད་སའི་མཐུན་སྦྱོར་བ་དང་མི་ཆོས་རིང་ལུགས་ཀྱི་མཐུན་སྦྱོར་བའི་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས23ཉིན་རྩ་འཛུགས་དེས་ཚོད་འཛིན་བྱེད་པའི་ས་ཁོངས་སུ་བྱ་བ་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་སྔར་ལས་མང་བོ་བཀག་འཇུག་བྱས་ཡོད། མི་ཚང་མའི་བདེ་འཇགས་ལ་འགན་སྲུང་བྱེད་ཆེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྩ་འཛུགས་དེས་ཚོད་འཛིན་བྱེད་པའི་ས་ཁོངས་ཀྱི་དཔོན་ཕྱོགས་ཀྱི་འགུལ་སྐྱོད་ཚང་མ་མཚམས་བཞག་ཡོད་ཟེར།

གསལ་སྒྲོག་ལས་ད་རུང་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མཐོ་རིམ་འཐུས་མིར་འབྲེལ་འདྲིས་བྱེད་བཞིན་ཡོད་པ་དང་། རྩ་འཛུགས་དེས་མྱུར་མོར་ཆ་རྐྱེན་ཅི་ཡང་མེད་པར་བཀག་ཐེབས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་དང་འབྲེལ་ཡོད་གླས་མི་ཕྱིར་གཏོང་དགོས་པའི་རེ་བ་བཏོན།

ཧུའུ་སེ་དྲག་ཆས་པས་མིག་སྔར་རྣམ་འགྱུར་ཅི་ཡང་བསྟན་མེད།

ཡེ་མིན་སྲིད་གཞུང་གི་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཚེས23ཉིན་གྱི་དགོང་མོར་ཉུང་མཐར་ཡང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ་དང་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ལ་བྱ་བ་བྱེད་པའི་ཡེ་མིན་གྱི་གླས་མི་བདུན་འཛིན་བཟུང་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།