མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས24ཉིན་བརྙན་རིས་བརྒྱུད་དེ་སྦྲུལ་ལོའི་ལུགས་རྙིང་ལོ་སར་གྱི་ཞུ་ཚིག་ཕུལ་ཏེ། འཛམ་གླིང་ཡོངས་ཀྱི་ཀྲུང་གོ་བར་ལོ་སར་གྱི་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་དང་ཀྲུང་གོའི་མི་དམངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཕྱོགས་མང་རིང་ལུགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས།
བརྙན་རིས་མགོ་བརྩམས་མ་ཐག ཀུའུ་ཐི་ལོས་སི་ཡིས་རྒྱ་ཡིག་དང་དབྱིན་ཡིག་གིས་འཛམ་གླིང་ཡོངས་ཀྱིས་ཀྲུང་གོ་བར་ལུགས་རྙིང་ལོ་སར་གྱི་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། སྦྲུལ་གྱིས་བློ་གྲོས་དང་བསྲན་ཤུགས། གསར་སྐྱེས་བཅས་མཚོན་ཡོད་ཅིང་། མིག་སྔའི་འཛམ་གླིང་ཧྲིལ་བོ་དཀའ་སྡུག་གི་གནས་སུ་ལྷུང་བའི་དུས་འདིར། ང་ཚོས་གཤིས་སྤྱོད་དེ་དག་གི་མཛུབ་ཁྲིད་འོག ཞི་བདེ་དང་འདྲ་མཉམ། དྲང་བདེན་བཅས་ལ་འབད་འབུངས་བྱེད་པའི་ཆོད་སེམས་སླར་གསོ་བྱེད་དགོས་ཟེར།
ཀུའུ་ཐི་ལོས་སི་ཡིས་ཞུ་ཚིག་འབུལ་སྐབས་ཀྲུང་གོ་དང་ཀྲུང་གོའི་མི་དམངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཕྱོགས་མང་རིང་ལུགས། འཛམ་གླིང་ཡོངས་ཀྱི་མཉམ་ལས་བཅས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ང་ཚོས་རེ་བ་དང་ཡིད་ཆེས་ཀྱིས་ལོ་གསར་བར་བསུ་བ་བྱས་ཏེ། མི་ཚང་མའི་ཆེད་དུ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་ཞིག་གསར་བསྐྲུན་བྱེད་དགོས་ཟེར།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། སྦྲུལ་གྱི་ལོར་བདེ་ཐང་དང་བདེ་སྐྱིད། དར་རྒྱས་བཅས་ཀྱི་རྣམ་པ་གསར་བ་འབྱུང་བའི་སྨོན་འདུན་ཞུས།
བསོད་ནམས་ཚེ་རིང་གིས་བསྒྱུར།