ཀུའུ་ཐི་ལོས་སི་ཡིས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་བཀག་འཇུག་བྱས་པར་རྒོལ་གཏམ་དྲག་པོ་བཏང་།
2025.01.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས24ཉིན་གསལ་སྒྲོག་སྤེལ་ཏེ། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས23ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་བདུན་བཀག་འཇུག་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། ཆ་རྐྱེན་ཅི་ཡང་མེད་པར་མི་དེ་དག་མྱུར་མོར་ཕྱིར་གཏོང་དགོས་པའི་རེ་བ་བཏོན།

གསལ་སྒྲོག་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་དང་དེའི་མཉམ་ལས་གྲོགས་པོའི་རྩ་འཛུགས་ཀྱི་མི་སྣས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱེད་སྐབས་འཇབ་རྒོལ་གྱི་དམིགས་འབེན་དུ་འགྱུར་མི་རུང་བ་དང་། འཛིན་བཟུང་དང་བཀག་འཇུག་བྱ་ཡུལ་དུ་འགྱུར་མི་རུང་ལ། ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར། གསལ་སྒྲོག་ལས་ད་རུང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་ཐབས་ལམ་གང་རུང་བརྒྱུད་དེ། བཀག་འཇུག་མི་སྣ་མྱུར་མོར་བདེ་འཇགས་ངང་ཕྱིར་གཏོང་བར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

ཡེ་མིན་སྲིད་གཞུང་གི་འབྲེལ་ཡོད་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཚེས23ཉིན་གྱི་དགོང་མོར་ཉུང་མཐར་ཡང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ་དང་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སུ་བྱ་བ་བྱེད་པའི་ཡེ་མིན་གྱི་གླས་མི7འཛིན་བཟུང་བྱས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་ལས་དོན་གྱི་འགན་ཁུར་བའི་བཅའ་སྡོད་བྱེད་སའི་མཐུན་སྦྱོར་པ་དང་མི་ཆོས་རིང་ལུགས་ཀྱི་མཐུན་སྦྱོར་བའི་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས23ཉིན་རྩ་འཛུགས་དེས་ཚོད་འཛིན་བྱེད་པའི་ས་ཁོངས་སུ་བྱ་བ་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་མང་བོ་བཀག་འཇུག་བྱས་ཡོད། མི་ཚང་མའི་བདེ་འཇགས་ལ་འགན་སྲུང་བྱེད་ཆེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྩ་འཛུགས་དེས་ཚོད་འཛིན་བྱེད་པའི་ས་ཁུལ་གྱི་དཔོན་ཕྱོགས་འགུལ་སྐྱོད་ཚང་མ་མཚམས་བཞག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།