མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གྱི་གཏན་འཇགས་ཆེད་མངག་ཚོགས་པས་ཚེས25ཉིན་གསལ་སྒྲོག་སྤེལ་ཏེ། ཁོང་གོ་ཅིན་ཤར་ངོས་ཀྱི་ཅི་ཝུའུ་བྱང་མ་ཞིང་ཆེན་གྱི་བདེ་འཇགས་གནས་བབ་ཇེ་སྡུག་ཏུ་སོང་བའི་དབང་གིས་གནས་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་དགོས་གལ་མེད་པའི་ལས་བྱེད་མི་སྣ་དག་ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཀི་མཱ་ནས་ས་གཞན་དུ་མངག་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཅི་ཝུའུ་བྱང་མ་ཞིང་ཆེན་གྱི་ཇེ་སྡུག་ཏུ་འགྲོ་བཞིན་པའི་བདེ་འཇགས་གནས་བབ་ལ་དམིགས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནས་སྐབས་སུ་སྲིད་འཛིན་ལས་གནས་ཀྱི་མི་སྣ་དང་རྒྱང་བསྟེན་ལས་བྱེད་བྱས་ཆོག་པའི་མི་སྣ་སོགས་དགོས་གལ་མེད་པའི་མི་སྣ་དག་ཀི་མཱ་གྲོང་ཁྱེར་ནས་ས་གཞན་དུ་མངག་རྒྱུ་ཡིན་པ་དང་། འབྲུ་རིགས་རོགས་སྐྱོར་གྱི་བགོ་བཤའ་དང་སྨན་བཅོས་རོགས་སྐྱོར་སོགས་འགུལ་སྐྱོད་གལ་ཆེན་ལ་འབྲེལ་བ་ཡོད་པའི་མི་སྣ་དག་གིས་མུ་མཐུད་དུ་སྔོན་གྱི་གནས་སུ་བྱ་བ་བྱེད་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཆོད་དོན་དེའི་དམིགས་ཡུལ་ནི་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཞོར་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝུའུ་ཅི་བྱང་མ་ཞིང་ཆེན་དུ་འགུལ་སྐྱོད་སྤེལ་བར་འགན་སྲུང་བྱེད་ཆེད་ཡིན་ལ། དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ་དང་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པར་ཤུགས་རྐྱེན་ཐེབས་མི་སྲིད་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བདེ་འཇགས་གནས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་མི་སྣའི་མཐུན་སྦྱོར་གནས་ཚུལ་ལ་ཡང་བསྐྱར་དཔྱད་འཇོག་བྱེད་རྒྱུ་མ་ཟད། ཆ་རྐྱེན་ཡོད་པའི་གནས་ཚུལ་འོག་ཕྱོགས་ཡོངས་ནས་མི་སྣའི་བཀོད་སྒྲིག་སླར་གསོ་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།