ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཕྱོགས་གཅིག་ནས་སྲིད་གཞུང་དམག་དཔུང་གི་མི་སྣ153ཕྱིར་བཏང་།
2025.01.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཨུ་ཡོན་ལྷན་ཁང་གིས་ཚེས25ཉིན་བཤད་རྒྱུར། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཉིན་དེར་ཕྱོགས་གཅིག་ནས་ཡེ་མིན་གྱི་སྲིད་གཞུང་དམག་དཔུང་གི་བཀག་འཇུག་ཐེབས་པའི་མི་སྣ153ཕྱིར་བཏང་ཟེར།

རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་སེ་དབྱེ་ཏི་ཡིས་ཉིན་དེར་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གོང་སྨྲས་ཀྱི་མི་སྣ་དེ་དག་ནི་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་འདས་པའི་ལོ་འགའི་ནང་ཡེ་མིན་གྱི་སྲིད་གཞུང་དམག་དཔུང་བར་འཁྲུག་རྩོད་བྱེད་སྐབས་བཀག་འཇུག་བྱས་པ་ཡིན། རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཨུ་ཡོན་ལྷན་ཁང་གིས་ཧུའུ་སེ་དྲག་ཆས་པས་མི་སྣ་དེ་དག་ཕྱིར་བཏང་བར་དགའ་བསུ་ཞུས།

ཁོས་བཤད་རྒྱུར། རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཨུ་ཡོན་ལྷན་ཁང་གིས་ཐེངས་འདིའི་བཟུང་དམག་ཕྱིར་གཏོང་བའི་འགུལ་སྐྱོད་ལ་སྟབས་བདེ་བཟོས་ཡོད་པ་དང་། ཕྱོགས་སོ་སོས་མི་ཆོས་རིང་ལུགས་ཀྱི་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་བཀག་འཇུག་མི་སྣ་ཕྱིར་གཏོང་རྒྱུའི་སྐུལ་མ་བཏང་།

2023ལོའི་ཟླ4བར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་འདེགས་འོག ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་བཟུང་དམག900ཙམ་བརྗེ་སྤོར་བྱས་པ་དང་། 2024ལོའི་ཟླ5བར། ཧུའུ་སེ་དྲག་ཆས་པ་ཕྱོགས་གཅིག་གིས་བཀག་འཇུག་ཐེབས་པའི་ཡེ་མིན་སྲིད་གཞུང་དམག་དཔུང་གི་དམག་མི113ཕྱིར་བཏང་བ་རེད།

མིག་སྔར་ཕྱོགས་གཉིས་ཀྱིས་ད་རུང་མི་སྟོང་ཕྲག་འགའ་བཀག་འཇུག་བྱས་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།