དབྱི་སི་རལ་དང་ཧཱ་མཱ་སི་ཡིས་སོ་སོར་བཀག་འཇུག་མི་སྣ་ཕྱིར་བཏང་།
2025.01.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

དབྱི་སི་རལ་གྱི་བཙོན་ཁང་གིས་ཚེས25ཉིན་ཕཱ་ལེ་སི་ཐན་གྱི་བཀག་འཇུག་ཐེབས་པའི་མི་སྣ200ཕྱིར་བཏང་བ་དང་། ཉིན་དེའི་སྔ་དྲོར། དབྱི་སི་རལ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་དབྱི་སི་རལ་གྱི་བཀག་འཇུག་ཐེབས་པའི་མི་སྣ་བཞི་ཕྱིར་བཏང་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་བསླེབས་ཡོད་པ་བདེན་དཔང་བྱས།

དབྱི་སི་རལ་གྱི་སྐབས་དོན་ཚགས་པར་གྱིས་ཚེས25ཉིན་དབྱི་སི་རལ་གྱི་བཙོན་ཁང་དོ་དམ་ཅུའུ་ཡིས་སྤེལ་བའི་གསལ་སྒྲོག་དྲངས་པ་ལྟར་ན། ཉིན་དེར་དབྱི་སི་རལ་གྱི་བཙོན་ཁང་གིས་ཕཱ་ལེ་སི་ཐན་གྱི་བཀག་འཇུག་མི་སྣ200ཕྱིར་བཏང་ཡོད་ཟེར།

ཕཱ་ལེ་སི་ཐན་གྱི་བཀག་འཇུག་མི་སྣའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀྲ་ཅཱ་ལི་ཡིས་ཚེས25ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བསྟན་དོན། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་བཀག་འཇུག་མི་སྣའི་བརྗེ་སྤོར་གྲོས་མཐུན་གྱི་ཁག་ཅིག་ཡིན་པའི་ཆ་ནས། དབྱི་སི་རལ་གྱིས་ཉིན་དེར་ཕཱ་ལེ་སི་ཐན་གྱི་བཀག་འཇུག་མི་སྣ200བཏང་བ་དང་། རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་ལ་བརྒྱུད་སྤྲོད་བྱས་ཡོད་ཟེར།

ཕཱ་ལེ་སི་ཐན་གྱི་འབྲེལ་ཡོད་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱིས་ཕྱིར་བཏང་བའི་ཕཱ་ལེ་སི་ཐན་གྱི་མི114དྲུད་པའི་རླངས་འཁོར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་དུ་འབྱོར་བ་དང་། ཕཱ་ལེ་སི་ཐན་གྱི་བཀག་འཇུག་མི་སྣ16ཅཱ་ཧྲ་ས་ཁུལ་དུ་འབྱོར་ཡོད་ལ། ཁོ་ཚོ་ནི་ཁའེ་ལོས་མུའུ་ཧྲ་ལོ་མུའུ་རྒྱུ་ལམ་བརྒྱུད་དེ་ཅཱ་ཧྲ་ས་ཁུལ་དུ་ཡོང་བ་རེད།

གཞན་ཡང་ཨེ་ཅིབ་ཁེ་རོ་གསར་འགྱུར་བརྙན་འཕྲིན་ཁང་གིས་ཚེས25ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཕྱིར་བཏང་བའི་ཕཱ་ལེ་སི་ཐན་གྱི་མི70ཉིན་དེར་ལཱ་ཧྥ་རྒྱུ་ལམ་ནས་ཨེ་ཅིབ་ཏུ་བསླེབས་ཡོད་ཟེར།

ཨེ་ཅིབ་བདེ་འཇགས་དམག་དཔུང་གི་འབྲེལ་ཡོད་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། མི་བདུན་ཅུ་བོ་དེ་ནི་དབྱི་སི་རལ་གྱིས་ཉིན་དེར་ཕྱིར་བཏང་བའི་ཕཱ་ལེ་སི་ཐན་གྱི་བཀག་འཇུག་མི་སྣ200ཡི་ཁག་ཅིག་ཡིན་པ་རེད། ཁོ་ཚོ་ཨེ་ཅིབ་ཏུ་ཡོང་རྗེས་ཡུལ་གཞན་པར་སྐྱེལ་རྒྱུ་རེད་ཟེར།

ཚེས25ཉིན་གྱི་སྔ་དྲོར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། ཧཱ་མཱ་སི་ཡིས་ཕྱིར་བཏང་བའི་དབྱི་སི་རལ་གྱི་བཀག་འཇུག་མི་སྣ4དབྱི་སི་རལ་གྱི་མངའ་ཁོངས་སུ་བསླེབས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།