ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཁྲོད་འཇིགས་སྐུལ་ཉེས་ཅན30བསད།
2025.01.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཕཱ་ཁི་སི་ཐན་གྱི་དམག་གསུམ་གསར་འགྱུར་ཅུའུ་ཡིས་ཚེས25ཉིན་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་ཀྱི་ཁའེ་པའོ་ཨར་ཕུའུ་ཧྲི་ཐུའུ་ཞིང་ཆེན་དུ་འཇིགས་སྐུལ་ངོ་རྒོལ་གྱི་འགུལ་སྐྱོད་ཐེངས་གསུམ་སྤེལ་བ་ལས་འཇིགས་སྐུལ་ཉེས་ཅན30བསད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ཁི་སི་ཐན་བདེ་འཇགས་དམག་དཔུང་གིས་སོ་སོར་ཁའེ་པའོ་ཨར་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་ལེ་ཅི་མའོ་ཨར་བོ་ཏི་ས་ཁུལ་དང་ཀི་ལེ་ཀི་ས་ཁུལ། ཁའེ་པའོ་ཨར་ས་ཁུལ་བཅས་སུ་འཇིགས་སྐུལ་ངོ་རྒོལ་གྱི་འགུལ་སྐྱོད་སྤེལ་ཏེ། འཇིགས་སྐུལ་ཉེས་ཅན་དང་འཁྲུག་རྩོད་བྱེད་སྐབས་སོ་སོར་འཇིགས་སྐུལ་ཉེས་ཅན18དང8། བཞི་བཅས་བསད་པ་དང་། གཞན་ཡང་འཇིགས་སྐུལ་ཉེས་ཅན་བརྒྱད་ལ་རྨས་ཕོག་ཡོད་པར་མ་ཟད་མཚོན་ཆ་དང་མདེལ་རྫས་མང་བོ་གཞུང་བཞེས་བྱས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། གཙང་ཕྱགས་བྱས་པའི་འཇིགས་སྐུལ་ཉེས་ཅན་དག་གིས་ཕཱ་ཁི་སི་ཐན་གྱི་བདེ་འཇགས་དམག་དཔུང་དང་ཉེས་མེད་མི་སེར་ལ་འཇབ་རྒོལ་བྱས་མྱོང་བ་དང་། བདེ་འཇགས་དམག་དཔུང་གིས་གོང་གི་ས་ཁུལ་ནས་གཙང་ཕྱགས་འགུལ་སྐྱོད་སྤེལ་རྒྱུ་རེད་ཟེར། གསལ་སྒྲོག་ལས་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་སྐབས་ཀྱི་ཤི་རྨས་གནས་ཚུལ་གསལ་བོར་བཤད་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།