འབར་མའི་མགོ་ཁྲིད་པ་མེན་ཨང་ལའེ་ཡིས་ཚེས25ཉིན་བསྟན་དོན། ཀྲུང་གོས་དེང་རབས་ཅན་མངོན་འགྱུར་བྱེད་པའི་ཞོར་དུ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་ལ་བརྟེན་ནས་འབར་མ་དང་བཅས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་བདེ་སྐྱིད་བསྐྲུན་ཡོད་ཟེར། མེན་ཨང་ལའེ་ཡིས་ཀྲུང་གོས་འབར་མའི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་བཅས་ཀྱི་ཐད་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར།
ཉིན་དེར་ལུགས་རྙིང་ལོ་སར་གྱི་དགའ་སྟོན་རྟེན་འབྲེལ་བྱ་འགུལ་དབྱང་ཀོང་ཏུའུ་ཝུན་ནཱ་རྒྱལ་ཁབ་ལུས་རྩལ་ཁང་ནས་སྤེལ། མེན་ཨང་ལའེ་ཡིས་འབར་མའི་ཀྲུང་གོ་བར་ལོ་སར་གྱི་སྨོན་འདུན་ཞུས། ཁོས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་འབར་མའི་དུས་གཏན་གྱི་གྲོགས་པོ་ཡིན་པ་དང་། འབར་མ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ལ། འབར་མ་དང་ཀྲུང་གོའི་མཉམ་ལས་ལས་གཞིའི་འཛུགས་སྐྲུན་ལ་མྱུར་དུ་ཡར་སྐུལ་བྱས་ནས། འབར་མ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས།
མེན་ཨང་ལའེ་དང་འབར་མའི་སྲིད་གཞུང་། དམག་དཔུང་བཅས་ཀྱི་མཐོ་རིམ་དཔོན་པོ་ཉིན་དེའི་བྱ་འགུལ་ལ་ཞུགས། འབར་མ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་ཕྱི་འབྲེལ་དཔོན་པོ་བྱ་འགུལ་ལ་ཞུགས། སྐུ་མགྲོན་དག་གིས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་ཀྲུང་གོའི་བཟའ་བཏུང་ལ་མྱོང་རོལ་བྱས་པ་དང་། ཀྲུང་གོ་དང་འབར་མ་རྒྱལ་ཁབ་གཉིས་ཀྱི་གླུ་གར་དང་དྲག་རྩལ། རོལ་ཆས་འཁྲབ་ལེན་སོགས་ལེ་ཚན་ལ་བལྟས།
མཱ་ཅཱ་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། འབར་མ་སྲིད་གཞུང་གིས་ལུགས་རྙིང་ལོ་སར་དེ་ཐུན་མོང་གི་ངལ་གསོའི་དུས་ཆེན་དུ་གཏན་འཁེལ་བྱེད་རྒྱུ་ཡིན་པ་དང་། དེ་ལས་སྤུན་ཟླའི་མཛའ་བརྩེའི་ལ་མཐོང་ཆེན་དང་ཀྲུང་གོ་བའི་བྱས་རྗེས་ལ་ཁས་ལེན་བྱེད་པ་མངོན་པར་མཚོན་ཡོད། ད་ལོ་ནི་ཀྲུང་གོ་དང་འབར་མའི་བར་འབྲེལ་བ་བཙུགས་ནས་ལོ་ངོ75འགོར་བའི་ལོ་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཐུབ་ པ་དང་། ཀྲུང་གོ་དང་འབར་མའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་གྲུབ་འབྲས་གསར་བ་ཐོབ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་མང་བོ་འདོན་སྤྲོད་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།