མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་སི་རལ་དང་ཧཱ་མཱ་སིའི་འཁྲུག་རྩོད་ལས་ཅཱ་ཧྲ་ས་ཁུལ་གྱི་འཕེལ་རྒྱས་དེ་ལོ་ངོ་དྲུག་ཅུས་རྗེས་སུ་ལུས་ཡོད་པའི་ཚུལ་བསྟན།
2025.01.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

སིང་ག་ཕོར་མཉམ་འབྲེལ་ཞོགས་པའི་ཚགས་པར་གྱིས་ཚེས25ཉིན་བསྒྲགས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཤད་རྒྱུར། དབྱི་སི་རལ་དང་ཧཱ་མཱ་སིའི་འཐབ་འཁྲུག་ལས་ཅཱ་ཧྲ་ས་ཁུལ་གྱི་འཕེལ་རྒྱས་དེ་ལོ་ངོ་དྲུག་ཅུས་རྗེས་སུ་ལུས་ཡོད་པའི་ཚུལ་བསྟན། ཅཱ་ཧྲ་ས་ཁུལ་བསྐྱར་འཛུགས་བྱེད་པར་མཁོ་བའི་མེ་སྒོར་ཐེར་ཆེན་འགའི་མ་དངུལ་བསྡུ་རུབ་བྱེད་པ་ནི་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་རེད་ཟེར།

བསྒྲགས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་སྤེལ་འཆར་འགོད་ཁང་གི་མགོ་བ་ཧྲི་ཐེ་ནཱ་ཡིས་སུའེ་ཙེར་གྱི་ཏཱ་བོ་སི་ནས་བསྡུས་པའི་འཛམགླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་སྟེང་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་སུམ་ཆའི་གཉིས་ཀྱི་བཟོ་བཀོད་ལ་གཏོར་བརླག་ཐེབས་ཡོད་པ་དང་། ཁང་བའི་ཞིག་རོ་ཏུན་བྱེ་བ་བཞི་དང་ས་ཡ་གཉིས་ལྷག་གཙང་ཕྱགས་བྱེད་པ་ནི་ཉེན་ཁ་ཆེ་ཞིང་རྙོག་འཛིང་གི་དོན་ཞིག་རེད་ཟེར།

ཧྲི་ཐེ་ནཱ་ཡིས་བཤད་རྒྱུར། ང་ཚོས་ཚོད་དཔག་བྱས་ན། ལོ་ངོ་དྲུག་ཅུའི་རིང་གི་འཕེལ་རྒྱས་གྲུབ་འབྲས་དེ་ཟླ་ངོ15རིང་གི་འཁྲུག་རྩོད་ཁྲོད་མེད་པར་བཟོས་པ་དང་། ཅཱ་ཧྲའི་མི་ས་ཡ་གཉིས་ཀྱི་སྡོད་ཁང་ཤོར་བར་མ་ཟད་སྤྱི་བའི་རྨང་གཞིའི་སྒྲིག་ཆས་དང་བཙོག་ཆུའི་ཐག་གཅོད་མ་ལག ཚྭ་མེད་ཆུའི་མཁོ་འདོན་མ་ལག སྤྱི་བའི་གད་སྙིགས་ཐག་གཅོད་སོགས་མེད་པར་གྱུར་བ་དང་། རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུ་དེ་དག་ཚང་མ་ཤུལ་མེད་དུ་གྱུར་ཡོད་ཟེར།

ཧྲི་ཐེ་ནཱ་ཡིས་བསྟན་དོན། འཁྲུག་རྩོད་མཚམས་བཞག་པར་འགྱུར་ལྡོག་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་དོན་ནི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་དེ་ཡིན་པས། བསྐྱར་འཛུགས་ཀྱི་དུས་ཚོད་རེའུ་མིག་གཏན་འཁེལ་བྱེད་པར་དཀའ་ཁག་ཆེན་པོ་ཡོད་ཟེར། ཁོས་བཤད་རྒྱུར། དངོས་པོའི་ཐད་ཀྱི་བསྐྱར་འཛུགས་ཁོ་ནར་མེ་སྒོར་ཐེར་ཆེན་མང་བོ་དགོས་པ་དང་། དངུལ་གསོག་ཇི་ལྟར་བྱེད་པ་དེ་གནད་དོན་གལ་ཆེན་ཞིག་རེད། ང་ཚོ་དངོས་གནས་ཇི་ལྟར་མ་དངུལ་འདི་འདྲའི་མང་བོ་བསྡུ་རུབ་བྱེད་པའི་དཀའ་གནད་ཆེན་པོར་འཕྲད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།