ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས26ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་ཕྱི་ཕྱོགས་སྲིད་ཇུས་ཁང་གི་མགོ་བས་ཉིན་དེར་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁ་དང་ཧན་གོའི་དམག་དོན་དཀྲུག་འཕེན་བྱ་སྤྱོད་ལས་ས་ཁུལ་གྱི་གནས་བབ་ཇེ་སྡུག་ཏུ་སོང་བར་རྒོལ་གཏམ་བཏང་།
གཏམ་བཤད་ལས་བཤད་རྒྱུར། ཨ་མེ་རི་ཁ་དང་ཧན་གོས་ཉེ་སྔོན་ཁྲའོ་ཞན་ལ་དམིགས་ཏེ་མཉམ་འབྲེལ་གྱི་བར་སྣང་སྦྱོང་བརྡར་དང་མཉམ་འབྲེལ་གྱི་མེ་ཤུགས་ཆེན་མོའི་དངོས་འཐབ་སྦྱོང་བརྡར་སྤེལ། ལོ་མགོར་ད་རུང་འཐབ་ཇུས་འགས་གཏོར་གནམ་གྲུ་ཞུགས་པའི་གནས་ཚུལ་འོག་ཨ་མེ་རི་ཁ་དང་འཇར་པན། ཧན་གོ་བཅས་ཀྱི་མཉམ་འབྲེལ་བར་སྣང་སྦྱོང་བརྡར་སྤེལ་བ་རེད། ཨ་མེ་རི་ཁ་དང་ཧན་གོའི་དམག་དོན་དཀྲུག་འཕེན་བྱ་སྤྱོད་ལས་ཁྲའོ་ཞན་ཕྱེད་གླིང་དང་ས་ཁུལ་གྱི་བདེ་འཇགས་ཁོར་ཡུག་གི་ཉེན་ཁའི་འགྱུར་ལྡོག་ཇེ་ཆེར་བཏང་།
གཏམ་བཤད་ལས་བཤད་རྒྱུར། ཁྲའོ་ཞན་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ཧན་གོའི་དམག་དོན་དཀྲུག་འཕེན་བྱ་སྤྱོད་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། བྱ་སྤྱོད་དེ་རིགས་ལ་ཁྲའོ་ཞན་ནས་ངོ་རྒོལ་བྱེད་པའི་སྣང་ཚུལ་འབྱུང་སྲིད་ཟེར།
གཏམ་བཤད་ལས་བསྟན་དོན། ཕྱེད་གླིང་དང་ས་ཁུལ་གྱི་བདེ་འཇགས་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་བའི་རྩ་བ་ཨ་མེ་རི་ཁར་རག་ལས་ཡོད་ཅིང་། ཨ་མེ་རི་ཁས་རྒྱུན་ཆད་མེད་པར་དམག་དོན་མནའ་མཐུན་གྱི་མ་ལག་རྒྱ་བསྐྱེད་དེ། རིགས་སྣ་ཚོགས་ཀྱི་མཉམ་ཞུགས་དམག་དོན་སྦྱོང་བརྡར་ལ་སྐུལ་འདེད་བཏང་ནས་རང་སྟེང་གི་སྟོབས་ཤུགས་ཁྱད་སྟོབས་བརྩོན་ལེན་བྱེད་བཞིན་ཡོད་ཟེར།
གཏམ་བཤད་ལས་བཤད་རྒྱུར། ཁྲའོ་ཞན་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ཧན་གོའི་དམག་དོན་ངན་འབྲེལ་ལས་བཟོས་པའི་དངོས་ཤུགས་དོ་མི་མཉམ་པའི་སྣང་ཚུལ་ཀུ་ཡངས་གཏོང་མི་སྲིད་པ་དང་། རིམ་འདས་ཚད་འདས་ཀྱི་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཏེ། ཟོལ་མེད་ཀྱིས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།