ཧཱ་མཱ་སི་ཡིས་ཐི་ལིང་ཕུའུ་ཡིས་ཅཱ་ཧྲ་ས་ཁུལ་སྟོང་བར་ཕུད་པའི་གྲོས་གཞིར་ངོ་རྒོལ་དྲག་པོ་བྱས།
2025.01.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས26ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་དེའི་སྔོན་བཏོན་པའི་ཅཱ་ཧྲ་ས་ཁུལ་སྟོང་བར་ཕུད་པའི་གྲོས་གཞི་ལ་ངོ་རྒོལ་དྲག་པོ་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ཐི་ལིང་ཕུའུ་ཡི་འབྲེལ་ཡོད་གྲོས་གཞི་ནི་བཙན་འཛུལ་རང་བཞིན་གྱི་འཆར་གཞི་ཞིག་ཡིན་པ་དང་། དམིགས་ཡུལ་ནི་ཕཱ་ལེ་སི་ཐན་མི་དམངས་མཐར་སྐྲོད་བཏང་སྟེ་ཕཱ་ལེ་སི་ཐན་གྱི་མི་རིགས་ལས་དོན་ལ་གཏོར་བརླག་བྱེད་རྩིས་རེད་ཟེར།

གསལ་སྒྲོག་ལས་ནན་གྱིས་བསྟན་དོན། ཕཱ་ལེ་སི་ཐན་མི་དམངས་ཀྱིས་རྣམ་པ་གང་རུང་གི་མཐར་སྐྲོད་འཆར་གཞིར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ཕཱ་ལེ་སི་ཐན་གྱི་ས་ཞིང་དང་ཕཱ་ལེ་སི་ཐན་གྱི་ལོ་རྒྱུས་ཁེ་བང་ལ་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱེད་བཞིན་ཡོད་ཟེར། གསལ་སྒྲོག་ལས་ཨ་མེ་རི་ཁའི་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་ཁེ་དབང་ལ་གནོད་སྐྱེལ་བའི་འབྲེལ་ཡོད་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་ཡིས་ཚེས25ཉིན་ཅཱ་ཧྲ་ས་ཁུལ་སྟོང་བར་ཕུད་པའི་གྲོས་གཞི་བཏོན་པ་དང་། ཨེ་ཅིབ་དང་ཅོར་ཏན་གྱིས་ཅཱ་ཧྲ་ས་ཁུལ་ནས་ཡོང་བའི་ཕཱ་ལེ་སི་ཐན་གྱི་མི་དང་ལེན་བྱས་ཏེ་བཀོད་སྒྲིག་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། བཀོད་སྒྲིག་དེ་ནི་གནས་སྐབས་ཙམ་ཡིན་ཡང་སྲིད་ལ་ཡུན་རིང་ཡིན་ཡང་སྲིད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།