ཨེ་ཅིབ་དང་ཅོར་ཏན་གྱིས་ཚེས26ཉིན་བསྟན་དོན། ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁེ་ཕན་ལ་གནོད་སྐྱེལ་བའི་བྱ་སྤྱོད་གང་རུང་དང་ལེན་མི་བྱེད་པ་དང་། ཁོ་ཚོ་རང་གི་ཁྱིམ་གཞིས་ལས་མཐར་སྐྲོད་གཏོང་བར་ངོ་རྒོལ་བྱེད་བཞིན་ཡོད་ཟེར།
ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་མི་དམངས་ཀྱི་འཕྲོག་མི་རུང་བའི་ཁེ་དབང་ལ་གནོད་སྐྱེལ་བའི་བྱ་སྤྱོད་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། དེའི་ནང་གཏན་སྡོད་བྱེད་ས་དང་ས་ཞིང་མཉམ་བསྡུ། ཕཱ་ལེ་སི་ཐན་གྱི་མི་ཡུལ་འཁྱམ་བྱེད་པར་བཙན་སྐུལ་བྱེད་པ་སོགས་འདུས་ཡོད་ལ། དམིགས་ཡུལ་ནི་ཕཱ་ལེ་སི་ཐན་གྱི་མི་རྣམས་ས་གནས་གཞན་དུ་སྤོར་བའམ་མཐར་སྐྲོད་གཏོང་བའི་སྲིད་ཇུས་འདོད་ཆེད་རེད། སྲིད་ཇུས་དེ་དག་གནས་སྐབས་སམ་དུས་གཏན་གང་ཡིན་ཡང་། ས་ཁུལ་གྱི་གཏན་འཇགས་ལ་གཏོར་བརླག་བཏང་སྟེ་ཞི་བདེའི་མདུན་ལྗོངས་ལ་བཀག་རྒྱ་བཟོ་སྲིད་ཟེར། ཨེ་ཅིབ་ཀྱིས་མུ་མཐུད་དུ་ཕཱ་ལེ་སི་ཐན་མི་དམངས་ཀྱིས་རང་གི་ས་ཞིང་དང་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
ཉིན་དེར་ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་གཞོན་པའམ་ཕྱི་འབྲེལ་དང་ཕྱི་སྡོད་རང་མིའི་ལས་དོན་གྱི་བློན་ཆེན་སཱ་ཧྥ་ཏིས་ཀྱིས་ཅོར་ཏན་གྱི་རྒྱལ་ས་ཨན་མན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཞི་བདེའི་འཕེལ་རིམ་གྱི་དམིགས་བསལ་མཐུན་སྦྱོར་པ་ཚབ་མའམ། ཅཱ་ཧྲའི་མི་ཆོས་རིང་ལུགས་དང་བསྐྱར་འཛུགས་ཀྱི་མཐོ་རིམ་མཐུན་སྦྱོར་པ་ཁཱ་ཀི་དང་མཉམ་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཕཱ་ལེ་སི་ཐན་གྱི་མི་རང་ཉིད་ཀྱི་ས་ཁོངས་སུ་སྡོད་དུ་འཇུག་པ་ནི་ཅོར་ཏན་གྱི་འགྱུར་བ་མེད་པའི་ལངས་ཕྱོགས་ཡིན་པ་དང་། ནམ་ཡང་འགྱུར་ལྡོག་བྱུང་མྱོང་མེད་ལ། མ་འོངས་པར་ཡང་འགྱུར་མི་སྲིད་ཟེར། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་ཞི་བདེ་མངོན་འགྱུར་བྱེད་པའི་ཐབས་ལམ་ཡིན་པ་དང་། ཕཱ་ལེ་སི་ཐན་གྱི་མི་གནས་སྤོར་དུ་འཇུག་པར་ངོ་རྒོལ་བྱེད་བཞིན་ཡོད་ཟེར། སཱ་ཧྥ་ཏིས་ཀྱིས་ད་རུང་ནན་གྱིས་བསྟན་དོན། ངེས་པར་དུ་འབད་བརྩོན་གང་རུང་ལ་བརྟེན་ནས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་ཤུགས་སྲ་བརྟན་དུ་བཏང་སྟེ། ཅཱ་ཧྲའི་ས་ཁུལ་སོ་སོར་རོགས་སྐྱོར་བྱེད་པར་འགན་སྲུང་བྱེད་དགོས་ཟེར།
ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་ཡིས་ཚེས25ཉིན་ཅཱ་ཧྲ་ས་ཁུལ་སྟོང་བར་ཕུད་པའི་གྲོས་གཞི་བཏོན་པ་དང་། ཨེ་ཅིབ་དང་ཅོར་ཏན་གྱིས་ཅཱ་ཧྲ་ས་ཁུལ་ནས་ཡོང་བའི་ཕཱ་ལེ་སི་ཐན་གྱི་མི་དང་ལེན་བྱས་ཏེ་བཀོད་སྒྲིག་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། བཀོད་སྒྲིག་དེ་ནི་གནས་སྐབས་ཙམ་ཡིན་ཡང་སྲིད་ལ་ཡུན་རིང་ཡིན་ཡང་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།