འཛམ་གླིང་ཡོངས་ཀྱི་ས་ཁུལ་མང་བོས་ཀྲུང་གོའི་ལུགས་རྙིང་ལོ་སར་གྱི་སྟོན་ཚོགས་དང་དཔྱིད་གསར་ཡུལ་སྐོར། རིག་རྩལ་འཁྲབ་སྟོ་སོགས་བྱ་འགུལ་སྣ་ཚོགས་སྤེལ་ཏེ། སྦྲུལ་ལོའི་ལོ་སར་ལ་བསུ་བ་བྱས།
ཚེས25ཉིན། 2025ལོའི་སྤྲོ་སྐྱིད་ཀྱི་ལོ་སར་ཞེས་པའི་འཛམ་གླིང་ཡོངས་ཀྱི་མགོ་རྩོམ་མཛད་སྒོ་དེ་མཱ་ལེ་ཞི་ཡཱའི་ཅི་ལུང་ཕའོ་ནས་བསྡུས། མཱ་ལེ་ཞི་ཡཱའི་ཙུང་ལི་ཨན་ཝ་ཨར་སོགས་དཔོན་རིགས་བྱ་འགུལ་ལ་ཞུགས་པ་དང་། མཉམ་འབྲེལ་རྒྱགལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པའི་ལས་རོགས་པ་ཨོ་ཐའོ་ནེ་ཡིས་བརྙན་རིས་ཞུ་ཚིག་འབུལ་བ་དང་། ལས་རིགས་སོ་སོའི་སྐུ་མགྲོན་གྱིས་མཉམ་དུ་སེང་གེ་ལ་སྤྱན་འབྱེད་བྱས། རྒྱལ་ཁབ་མང་བོའི་སྒྱུ་རྩལ་པས་མཉམ་དུ་ལོ་སར་གྱི་ལེའུ་དང་སྨོན་འདུན་སོགས་ཀྱི་ལེ་ཚན་འཁྲབ་སྟོན་བྱས་ཏེ། ལུགས་རྙིང་ལོ་སར་གྱི་རིག་གནས་གྲུབ་ཆ་མངོན་པར་བྱས་ནས། ལྷན་འཛོམས་བདེ་སྐྱིད་དང་འཆམ་མཐུན་མཛེས་སྡུག གླིང་ལྔ་མཉམ་སྤྲོའི་སྤྲོ་དགའི་སྣང་ཚུལ་ཆགས་པར་བྱས། ད་ལོའི་སྤྲོ་སྐྱིད་ཀྱི་ལོ་སར་ཞེས་པས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་བརྒྱ་ལྷག་ནས་རྣམ་པ་མི་འདྲ་བའི་འཁྲབ་སྟོན་བྱ་འགུལ་ལྔ་བརྒྱ་ཙམ་སྤེལ་རྒྱུ་རེད།
སིང་ག་ལཱ་ཡིས་ཉེ་སྔོན་ཀྲུང་གོའི་རིག་གནས་གཟའ་འཁོར་སོགས་བྱ་འགུལ་སྤེལ་ནས་ལུགས་རྙིང་ལོ་སར་ལ་བསུ་བ་བྱས་པ་དང་། ཀྲུང་གོའི་སྲོལ་རྒྱུན་དང་རིག་གནས་ཁྱད་ཆོས་མཚོན་པའི་འཁྲབ་སྟོན་ལ་དགའ་བསུ་ཆེན་པོ་ཐོབ། ལོ་སར་སྐབས་སུ་ས་དེས་ད་རུང་ཀྲུང་གོའི་བཟའ་བཏུང་དུས་ཆེན་དང་གྲུ་ཁའི་མཁར་གྱི་ཀྲུང་གོའི་རིག་གནས་མཚན་མོ་ཞེས་པ་སོགས་བྱ་འགུལ་སྤེལ་རྒྱུ་རེད།
ཉེ་སྔོན་སྐབས་གཉིས་པའི་ནེ་ལོ་པུས་ཀྲུང་གོའི་ལུགས་རྙིང་ལོ་སར་གྱི་སྟོན་ཚོགས་ཁུན་ནེ་ཡཱ་ནས་བསྡུས། སེང་གེ་དང་འབྲུག་གི་འཁྲབ་སྟོན་སོགས་སྣ་མང་ཕུན་སུམ་ཚོགས་པའི་ལེ་ཚན་འཁྲབ་སྟོན་བྱས་ཏེ། ཁུན་ནེ་ཡཱའི་ཀྲུང་གོ་བ་དང་ས་དེའི་མང་ཚོགས། ཕྱི་རྒྱལ་གྱི་ཡུལ་སྐོར་བ་བཅས་ལ་གཞན་དང་མི་འདྲ་བའི་ཀྲུང་གོའི་ལོ་སར་རིག་གནས་ཀྱི་གསོལ་སྟོན་ཞིག་བཤམས་པ་རེད།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་ནས། ཀྲུང་གོ་བའི་ལོ་སར་དགོང་ཚོགས་ལ་འཛམ་གླིང་ཡོངས་ཀྱི་ས་ཁུལ་མང་བོ་ནས་ཡོང་བའི་འཁྲབ་སྟོན་པ་སྟོང་ལྷག་གདན་ཞུ་བྱས་པ་དང་ཡོད། སྙན་ངག་གྱེར་འདོན་དང་ཞབས་བྲོའི་འཁྲབ་སྟོན་སོགས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ཀྲུང་གོ་བའི་མེས་རྒྱལ་གྱི་བརྩེ་སེམས་དང་མ་འོངས་པའི་མཛེས་སྡུག་གི་འཚོ་བའི་རེ་འདུན་མངོན་པར་བྱས་ཡོད།
པུར་ཀ་རི་ཡཱ་ནས་ལོ་སར་གྱི་ཡུལ་སྐོར་བྱ་འགུལ་སྤེལ་སྐབས་ཁྱིམ་ཚང་ཁྲི་ལ་བདེ་སྐྱིད་ཐོབ་པ་སོགས་བྱ་འགུལ་མི་འདྲ་བར་བརྟེན་ནས་ས་དེའི་མང་ཚོགས་ལ་ངོ་མཚར་བའི་ཀྲུང་གོའི་ལོ་སར་ཡུལ་སྲོལ་མྱོང་རོལ་བྱེད་པའི་གོ་སྐབས་བྱིན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།