མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཁོང་གོ་ཅིན་གྱི་ཀི་མཱ་གྲོང་ཁྱེར་གྱི་འཁྲུག་རྩོད་མུ་མཐུད་དུ་སྤེལ་བཞིན་པའི་ཚུལ་བསྟན།
2025.01.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 52

ཁོང་གོ་ཅིན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་ལས་དོན་གྱི་མཐུན་སྦྱོར་པ་པུའུ་ལུའུ་ནོའུ་ལེ་མཱ་ཅི་ཡིས་ཚེས27ཉིན་དྲ་ཐོག་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སྤེལ་ཏེ། ཁོང་གོ་ཅིན་གྱི་ཤར་ཕྱོགས་གྲོང་ཁྱེར་ཀི་མཱའི་འཁྲུག་རྩོད་མུ་མཐུད་དུ་སྤེལ་བཞིན་ཡོད་ལ། གནས་བབ་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་རང་ཕིས་ཨེ་ཨར་ལཱ་ཁི་ལུའུ་ཝ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་འཁྲུག་རྩོད་བྱེད་པའི་ཕྱོགས་ཁག་སོ་སོས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པ་དང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་ཨ་ཧྥེ་རི་ཁ་ཤར་མའི་ཐུན་མོང་ཚོགས་པ་སོགས་ས་ཁོངས་ཀྱི་རྩ་འཛུགས་བརྒྱུད་དེ་བར་འདུམ་ལ་ཤུགས་སྣོན་བྱས་ཏེ། སྔར་མོ་ནས་ས་ཁུལ་གྱི་ཞི་བདེ་མངོན་འགྱུར་བྱེད་དུ་འཇུག་དགོས་པའི་རེ་བ་བཏོན།

བསྟུད་མར་ཉིན་འགའི་རིང་ལ་ཁོང་གོ་ཅིན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གྱུར་བ་དང་། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས M23འགུལ་སྐྱོད་ཀྱིས་ཅི་ཝུའུ་བྱང་མ་ས་ཁུལ་དུ་དཔུང་འཇུག་བྱས་ཏེ་ས་ཁུལ་གཙོ་བོ་བཙན་བཟུང་བྱས། ཚེས26ཉིན་གྱི་དགོང་མོར་སྲིད་གཞུང་དམག་དཔུང་དངM23འགུལ་སྐྱོད་ཀྱིས་ཅི་ཝུའུ་བྱང་མའི་ལྟེ་གནས་གྲོང་ཁྱེར་ཀི་མཱའི་གྲོང་ཁུལ་དང་ཉེ་འཁོར་ས་ཁུལ་དུ་འཁྲུག་རྩོད་བྱས།

ཚེས27ཉིན་གྱི་སྔ་དྲོར། ཀི་མཱ་ས་ཁུལ་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་ནས། རུ་ཝང་ཏཱའི་མཐའ་མཚམས་གྲོང་ཁྱེར་དུ་རྒྱ་ཡན་ལ་སོང་བ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གྱི་གཏན་འཇགས་ཆེད་མངག་ཚོགས་པའི་གནས་ཚུལ་ཤེས་མཁན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། M23འགུལ་སྐྱོད་ཀྱིས་ཚེས27ཉིན་རྒྱལ་ཁབ་དེའི་བརྙན་འཕྲིན་ཁང་དང་གནམ་གྲུ་སོགས་ས་ཁུལ་གཙོ་བོ་བཙན་བཟུང་བྱས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས26ཉིན་ཁོང་གོ་ཅིན་གྱི་གནད་དོན་ལ་བྲེལ་མྱུར་གྲོས་ཞིབ་བྱས། ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཀྱང་གསལ་སྒྲོག་སྤེལ་ཏེ། ཁོང་གོ་ཅིན་གྱི་ཤར་ཕྱོགས་ས་ཁུལ་གྱི་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་པའི་དྲག་ཤུགས་གནས་བབ་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པར་མ་ཟད། M23འགུལ་སྐྱོད་ཀྱིས་ཀི་མཱ་གྲོང་ཁྱེར་དུ་བསྟུད་མར་དཔུང་འཇུག་བྱས་པར་རྒོལ་གཏམ་དྲག་པོ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།