ཨུ་རུ་སི་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་དངོས་སུ་གྲོས་མོལ་གྱི་མདུན་ལྗོངས་ལ་གྲོས་བསྡུར་བྱེད་རྒྱུ་རེད།
2025.01.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས27ཉིན་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་གཉིས་ཀྱིས་དངོས་སུ་གྲོས་མོལ་གྱི་མདུན་ལྗོངས་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

ཐཱ་སི་གསར་འགྱུར་ཁང་གིས་ཚེས27ཉིན་བསྒྲགས་པ་ལྟར་ན། ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་གསར་འགོད་པར་བསྟན་དོན། ཕུའུ་ཅིན་དང་ཐི་ལིང་ཕུའུ་ཡིས་དངོས་སུ་ཕྱོགས་གཉིས་ཀྱི་གྲོས་མོལ་དང་གྲོས་མོལ་བྱེད་སའི་ས་གནས་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། སྤྱིར་བཏང་དུ་མགོ་གཙོ་དག་གིས་བལྟས་ན་གྲོས་མོལ་དེ་རིགས་སྤེལ་བ་དུས་དང་འཚམ་དགོས་པར་འདོད་ལ། དངོས་སུ་གནད་དོན་དེར་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་ད་རུང་བཤད་རྒྱུར། ཨུ་རུ་སི་ཡིས་ཨ་མེ་རི་ཁའི་གཙོ་འཛིན་རིམ་པའི་བར་འབྲེལ་འདྲིས་བྱེད་འདོད་ཡོད་ཀྱང་། ཨུ་རུ་སིའི་ཕྱོགས་ལ་ཨ་མེ་རི་ཁའི་བརྡ་གང་ཡང་འབྱོར་མེད་ཟེར། ཁོས་བལྟས་ན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྱང་འབྲེལ་འདྲིས་བྱེད་འདོད་ཡོད་ཀྱང་། དུས་ཚོད་ངེས་ཅན་དགོས་པ་གསལ་བོ་ཡིན་པར་འདོད།

ཕའེ་སི་ཁི་ཧྥུའུ་ཡིས་ཟླ་འདིའི་ཟླ་མགོར་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་བར་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་གྲོས་མོལ་སྤེལ་བར་གྲ་སྒྲིག་བྱས་ཡོད་པར་མ་ཟད། ཨ་མེ་རི་ཁ་ཕྱོགས་ཀྱིས་དོན་དེའི་ཐད་ནས་བརྡ་གཏོང་བར་སྒུག་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།