ཀྲི་ལིའི་ལྷོ་ཕྱོགས་ས་ཁུལ་དུ་ཡུལ་སྐོར་གྲུ་གཟིངས་ཤིག་རྒྱ་མཚོར་ནུབ་པའི་དོན་རྐྱེན་བྱུང་སྟེ་མི6རྐྱེན་ལམ་དུ་ཤོར།
2025.01.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཀྲི་ལིའི་ལྷོ་ཕྱོགས་ས་ཁུལ་དུ་ཡུལ་སྐོར་གྲུ་གཟིངས་ཤིག་རྒྱ་མཚོར་ནུབ་པའི་དོན་རྐྱེན་བྱུང་སྟེ་མི6རྐྱེན་ལམ་དུ་ཤོར།

ཀྲི་ལིའི་སྲིད་གཞུང་གིས་ཚེས27ཉིན་བསྒྲགས་པ་ལྟར་ན། ཡུལ་སྐོར་གྲུ་གཟིངས་ཤིག་ཚེས26ཉིན་གྱི་དགོང་མོར་རྒྱལ་ཁབ་དེའི་ལྷོ་ཕྱོགས་ཀྱི་ལོ་སི་ལཱ་ཀི་སི་ས་ཁུལ་ཆེན་མོ་ནས་རྒྱ་མཚོར་ནུབ་སྟེ། མི6རྐྱེན་ལམ་དུ་ཤོར་ཟེར།

ཀྲི་ལིའི་སྲིད་གཞུང་གི་མགྲིན་ཚབ་པ་ཨེ་ཆེ་ཝེ་ལི་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དོན་རྐྱེན་དེ་ལོ་སི་ལཱ་ཀི་སི་ས་ཁུལ་ཆེན་མོའི་ཧུའུ་ཨན་ཏི་ལཱ་ཁི་སི་ཐཱ་གྲོང་ཁྱེར་ནས་བྱུང་བ་དང་། མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་མི་གཅིག་གར་སོང་རྙེད་མེད། གཞན་ཡང་མི27བསྐྱབས་ཡོད། རྒུད་སྐྱོབ་འགུལ་སྐྱོད་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

གཞན་ཡང་ཀྲི་ལིའི་ས་དེའི་ཞིབ་དཔྱོད་ཁང་གིས་བསྒྲགས་པ་ལྟར་ན། ཡུལ་སྐོར་གྲུ་གཟིངས་དེ་བགྲོད་བཞིན་པའི་སྐབས་སུ་སྒུལ་འཁོར་ལ་ཆག་སྐྱོན་བྱུང་བ་དང་། དེ་ནས་བྲག་རྡོར་ཐོ་བརྒྱབ་ནས་རྒྱ་མཚོར་ནུབ་པ་རེད། ཡུལ་སྐོར་གྲུ་གཟིངས་དེར་མི20དྲུད་ཆོག་ཀྱང་། དོན་དངོས་སུ་མི34དྲུད་ཡོད་པས། ཐེག་ཚད་ལས་བརྒལ་བ་ཚབས་ཆེ་བར་མ་ཟད་ཉེན་སྐྱོབ་སྒྲིག་ཆས་ཀྱང་སྒྲིག་སྦྱོར་བྱས་མེད་ཟེར།

ཀྲི་ལིའི་ཉེན་རྟོག་ཕྱོགས་ཀྱིས་སྤྱི་སྒྲོག་སྤེལ་ཏེ། རྒྱ་མཚོར་ནུབ་པའི་གྲུ་གཟིངས་དེའི་ཁ་ལོ་བ་འཛིན་བཟུང་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།